༸རྒྱལ་བ་སྨན་རི་བ་མཆོག་ཕ་རན་སིར་ཕེབས་པ།
ཕྱི་ཚེས་ ༢༡ ཉིན་བདག་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཏེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་ཞིག་སླར་ཡང་ནུབ་ཕྱོགས་ཀྱི་གླིང་ཁ་སྟེ་གཤེན་བསྟན་དར་རྒྱས་གླིང་འདིར་དགྱེས་ཞལ་མཉམ་འཛོམས་ཀྱི་ལེའུ་གསར་པ་ཞིག་དབུ་ཚུགས་ཏེ་སེར་ཕྲེང་གིས་བསུ་མ་དང་བཅས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གི་ཞབས་ཟུང་འཁོར་ལོའི་རེ་ཁ་གཤེན་བསྟན་དར་རྒྱས་གླིང་དུ་བདེ་བར་འཁོད། ཕྱི་ཚེས་ ༢༢ ཉིན་༸སྐྱབས་རྗེ་རྒྱལ་བ་སྨན་རི་ཆེན་པོ་མཆོག་གིས་གཤེན་བསྟན་དར་རྒྱས་གླིང་གི་ཕྱི་ནང་ཁོར་ཡུག་ཀུན་ལ་རབ་གནས་དང་འཚམས་གཟིགས་གནང་། ཕྱི་ཚེས་ ༢༥ ཉིན་མཁན་སློབ་ཉི་ཟླ་ཟུང་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་གཙོས་བླ་མ་དགེ་བཤེས་རྣམས་ཀྱིས་མངའ་དབུལ་རབ་གནས་ཀྱི་ཆོ་ག་ཞལ་ཕྱེས་ཏེ་ཕྱི་ཡི་མཆོད་རྟེན་དང་། མཚམས་ཁང་། ནང་གི་སྐུ་གསུང་ཐུགས་རྟེན་བཅས་ལ་བྱིན་གྱིས་བརླབས་པ་དང་། གཡུང་དྲུང་བཀོད་ལེགས་མཆོད་རྟེན་གྱི་མདུན་དུ་ཀུན་གསལ་སྒྲོན་མེའི་ཞལ་ཁ་ཕྱེས་ཏེ་སྐྱ་སེར་འདུས་པ་ཀུན་གྱིས་མར་མེ་སྨོན་ལམ་འུར་འདོན་གནང་ཤིང་ཞབས་སྐོར་དུ་ ཐེངས་གསུམ་ཕེབས་གྲུབ་མཚམས་ཇ་སྟོན་དང་བཅས་རབ་ཏུ་གནས་པའི་མཛད་འཕྲིན་གྱི་མཇུག་གྲུབ། ཕྱི་ཚེས་ ༢༧ གྱི་ཞོགས་པར་བསང་གསོལ་གྱི་མཆོད་སྤྲིན་དང་སྦྲགས་དར་ཚོན་སྣ་ལྔ་ལས་གྲུབ་པའི་དར་པོ་ཆེ་བཙུགས་པ་དང་། རླུང་རྟ་སྒྲོན་ཏེ་གཡུང་དྲུང་བོན་གྱི་བསྟན་པ་ཡུན་རིང་དུ་གནས་ཞིང་སྐྱེ་འགྲོ་སེམས་ཅན་གྱི་བདེ་རྩ་ཡིད་བཞིན་འགྲུབ་པའི་ཐུགས་སྨོན་གནང་བ་དང་ཀི་བསྭོ་ལྷ་རྒྱལ་འཐེན། ཕྱི་ཚེས་ ༢༦ ནས་ ༢༨ བར་༧སྐྱབས་རྗེ་མཁན་སློབ་རྣམ་པ་གཉིས་ནས་རིམ་བཞིན་སྔ་དྲོ་དང་ཕྱི་དྲོའི་དུས་ཚོད་ལ་བོན་འཆད་ཁྲིད་ཀྱི་བཀའ་དྲིན་སྐྱབས་འཇུག་བསྐྱངས་ཏེ་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་པ་སུམ་བརྒྱ་ལྷག་ཙམ་ཞིག་ལ་ཐུགས་ཕན་སོས་པའི་ཕན་བདེའི་ལེགས་ཚོགས་ཆད་མེད་དུ་བསྩལ་བས་ཐམས་ཅད་དགའ་མགུ་ཡིད་རངས་དང་སྦྲགས་སྤྲོ་སེམས་འཁོར་བའི་སེམས་ཀྱི་བདེ་སྐྱིད་རང་རྒྱུད་ལ་ཐོབ་པ་དེ་ནི་བླ་མས་བྱིན་གྱིས་བརླབས་པའི་དོན་ངོ་མ་ཞིག་ཀྱང་ཡིན་པ་རེད། ཕྱི་ཚེས་ ༢༩ ཉིན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྐྱ་སེར་འདུས་པ་ཀུན་ལ་ཀུན་གསལ་བྱམས་མ་ཆེན་མོའི་བཀའ་དབང་བཀའ་དྲིན་སྐྱབས་འཇུག་བསྐྱངས་མཚམས་མཛད་སྒོའི་མཇུག་བསྡུ་ལེགས་གྲུབ་བྱུང་བ་ཡིན་པ་རེད། ད་རེས་ཀྱི་མཛད་སྒོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཉིས་ནུབ་ཕྱོགས་ཀྱི་གླིང་ཁ་འདི་རུ་མཉམ་འཛོམས་ཀྱི་གོ་སྐབས་ཆེས་དཀོན་ལ་རིན་ཐང་ཆེ་བའི་ནང་གི་ལེའུ་ཚན་ཐོག་མ་ཞིག་དང་། ཕྱི་ཕྱོགས་བོན་གྱི་སློབ་འབངས་རྣམས་ཀྱང་བོན་འཆད་ཁྲིད་དང་བཀའ་དབང་ཟབ་མོ་འདི་ལྟ་བུའི་སྐྱབས་འོག་དུ་ཚུད་དཀའ་བ་ཞིག་ཡིན་པ་བཅས་རང་ཅག་བོན་འབངས་རྣམས་ལ་ལྟོས་ན་འདི་ལས་ལྷག་པའི་སྐལ་བཟང་གི་གོ་སྐབས་ཤིག་ཐོབ་པར་དཀོན་པ་ཞིག་ཡིན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ་ཕྲན་གྱིས་དྲན་ཐོ་རུ་བཀོད་པའོ།། །།
