བཀའ་ཁྲིའི་འོས་གཞིར་སྡོད་རྒྱུ་ཐག་གཅོད་བྱས་པ་ཡིན།
དེའི་ནང་འཁོད་དོན། གུས་པར་མཚོན་ན་སྔ་ལོ་ལོ་མཇུག་ཙམ་ནས་ཆུང་བྱིས་པའི་དུས་ནས་འདྲིས་གཤིབས་བྱས་པའི་བློ་དཀར་སློབ་གྲོགས་དང། གུས་ཤིང་བཀུར་བའི་མི་སྣ། དམ་གཙང་ལས་བྱེད་ཟུར་པའི་ཁོངས། བརྩེ་ལྡན་དགའ་ཉེ་ངོ་ཤེས། སྤྱི་དོན་ཐོག་ཐུགས་སྣང་སེམས་ཁུར་ཅན་གྱི་མི་སྣ་བཅས་ཀྱིས་གདེང་འཇོག་ཆེན་པོས་བཀའ་ཁྲིའི་འོས་གཞིར་དམིགས་འཛུགས་བྱས་འདུག་པ་ནས་ཕྱིར་འཐེན་མེད་པ་ངེས་པར་མདུན་བསྐྱོད་བྱེད་དགོས་པའི་ཤ་ཚའི་རེ་སྐུལ་སྔ་ཕྱི་རིམ་འབྱོར་ལ་ཇི་ལྟར་བྱེད་འགབ་བསམ་གཞིག་བྱེད་བཞིན་པའི་སྐབས་སུ། ཚབས་ཆེའི་དཀའ་སྡུག་འོག་ཏུ་གནས་པའི་རང་ཡུལ་བོད་ནང་ནས་ཀྱང་ལྷག་བློ་ཅན་དེ་འདྲས་གཅིག་ལ་གཉིས་བརྒྱུད་ཀྱིས་གོང་བཞིན་སྐུལ་མ་ནན་པོ་གནང་མཁན་བྱུང་བ་བཅས་ཀྱིས་སེམས་པའི་ནང་ཚོར་བ་ཤུགས་དྲག་དང་བཅས་རང་བཞིན་གྱིས་ལྗིད་གོག་ཅིག་སླེབས་བྱུང། རང་ཉིད་ལ་ཆ་བཞག་ན་གཞུང་སའི་བཀའ་དྲིན་འོག་འཚོ་གནས་ཀྱིས་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང། ད་ལྟ་ལོ་ནའི་བབས་དང། གཟུགས་བབས་ཀྱི་གནས་སྟངས། ལྷག་དོན་སྤྱི་སེམས་ཅན་གྱི་བསམ་ཡོད་མི་སྣ་མང་པོ་ཞིག་གིས་བཅོས་མིན་རེ་འདུན་གནང་བར་བརྟེན། གཉན་འཕྲང་གི་དུས་ཚོད་འདིར། ༧སྐྱབས་མགོན་ཐུགས་རྗེ་ཅན་གྱི་དབུ་འོག་ཏུ་བོད་གཞུང་མང་གི་བཀའ་དྲིན་ཆ་ཤས་གསབ་ཏེ་མི་ཚེ་བཟང་མཐའ་འཁྱོལ་ཐབས་བཅས་སུ་དམིགས་ཏེ་རྒས་ལུས་ལ་སྙིང་སྟོབས་གསར་པ་ཞིག་བསྐྱེད་དེ། འོས་གཞིའི་ཁོངས་སུ་སྡོད་རྒྱུ་སེམས་པའི་ནང་ནས་ཐག་གཅོད་བྱས་རྗེས། ཉེ་ཆར་བྱས་པ་ཅན་གྱི་ཆུ་སྒང་སྒྲིག་འཛུགས་ནས་ཀྱང་འོས་དམིགས་སུ་བཏོན་པ་གསར་ལམ་ཁག་བརྒྱུད་ནས་ཤེས་རྟོགས་བྱུང། ངོས་རང་གི་མི་ཚེ་གཞུང་ཞབས་སུ་བསྐྱལ་བའི་ཆ་ནས་ད་བར་ཆུ་སྒང་སྒྲིག་འཛུགས་དང་དངོས་ཤུགས་ཀྱི་འབྲེལ་བ་བྱུང་མེད་རུང། མདོ་སྟོད་ཁོངས་གཏོགས་སུ་བརྩིས་ཏེ་འོས་གཞིར་དམིགས་འཛུགས་གནང་འདུག་པ་ནི་དགའ་བའི་རང་བཞིན་དང། དོན་སྙིང་གོང་གསལ་གྱི་རྒྱུ་མཚན་དེ་དག་ཐོག་བསམ་གཞིགས་ཀྱིས་འོས་འཛུགས་གནང་མཁན་རྣམ་པར་ད་ཆ་འོས་གཞིའི་ཁོངས་སུ་སྡོད་རྒྱུ་ཡིན་ཞེས་ཞུ་རྒྱུ་དང་འབྲེལ། གལ་ཏེ་བཀའ་ཁྲིར་འདེམས་ཐོན་གྱིས་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་ཚེ་བོད་སྤྱི་པར་གྱོང་བཏང་མི་ཡོང་ཞེས་ཐུགས་བདེའི་བབས་ཞུ།
རང་ཉིད་འོས་གཞིར་སྡོད་པའི་དམིགས་ཡུལ་ནི། རང་ཅག་འདས་གསོན་ཀུན་གྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༢༠༠༡ ལོའི་ཡོངས་ཁྱབ་གསུམ་བཅུའི་དུས་དྲན་གྱི་རྩ་འཛིན་གསུང་འཕྲིན་ནང། “འདི་ལོ་ནས་བཀའ་ཤག་གི་བཀའ་བློན་ཁྲི་པ་འོས་འདེམས་བྱེད་ཕྱོགས་ལ་འགྱུར་བ་བཏང་སྟེ། མང་གཙོའི་ངོ་བོ་ཤུགས་ཆེ་རུ་གཏོང་རྒྱུ་དང། འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་དང། སྤྱི་འཐུས་ལྷན་ཚོགས་གཉིས་ལ་ངོས་ནས་བོད་མི་བཙན་བྱོལ་སྤྱི་ཚོགས་ཀྱི་ཉིན་རེའི་ལས་འགན་རྩིས་སྤྲོད་བྱ་རྒྱུ་ཡིན། འོན་ཀྱང་བོད་ཀྱི་གནད་དོན་འདི་ཐག་གཅོད་མ་བྱུང་བར་ངོས་ནས་བོད་དོན་སྐོར་རྒྱ་ནག་གི་དབུ་ཁྲིད་རྣམ་པར་བཀའ་མོལ་ཞུ་རྒྱུ་དང། དེ་བཞིན་བོད་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཞིག་བྱ་རྒྱུ་བཅས་ནི་བོད་མི་ས་ཡ་དྲུག་གི་ཆེད་རང་ལ་འོས་བབས་ཀྱི་འགན་ཁུར་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་མཛད་ཕྱོགས་ཁ་གསལ་གནང་བ་སྙིང་དབུས་སུ་བཅངས་ཏེ། པུར་རྒྱལ་བོད་ཀྱི་རང་དབང་སླར་གསོར་སྨན་ཐབས་སུ་རང་དོན་རང་གཅེས་ཀྱིས་དབུ་འོག་དཔུང་འདེགས་ཕྱྭར་གྲུ་མཉམ་འདེགས་ཀྱི་ཞབས་འདེགས་མ་ལན་མ་འགྱོད་པའི་འབད་བརྩོན་ཧུར་བསྐྱེད་ཤུགས་སྣོན་ཞུ་རྒྱུའི་ཆོད་སེམས་ཐོག་༧གོང་ས་ཆེན་པོར་མཛད་དཀའ་མི་ཡོང་བའི་འགན་སྲུང་དང། རྒྱུན་གཏན་ནས་ང་ཚོས་བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱིས་བདེ་སྐྱིད་ཀྱི་ཉི་མ་མ་ཤར་བར་རྒྱ་གཞུང་ལ་གདོང་ལེན་ཁ་གཏད་བྱེད་ཀྱི་ཡིན་ཞེས་བཤད་དང་ཤོད་མུས་སུ་ཡོད་པ་ལྟར། གཞིས་ལུས་སྤུན་ཟླའི་གནས་སྟངས་ཛ་དྲག་ལ་བསམ་ཞིབ་ཀྱིས་བོད་མི་རིགས་འཚོ་གནས་ཀྱི་སྲོག་རྩ་མི་ཉམས་གོང་འཕེལ་སྲ་བརྟན་ཡུན་གནས་ཐུབ་ཐབས་དང། དེ་དང་ཕྱོགས་མཚུངས་མཛུབ་མོ་ནང་དུ་བཀུག་ནས་ང་ཚོའི་འཐབ་རྩོད་ཀྱི་མཁར་རྫོང་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་མ་ལག་ཁྱབ་ཁོངས་དང་བཅས་པའི་ལས་དོན་གང་ཅི་ཡར་རྒྱས་ཚགས་ཚུད་སྲ་བརྟན་ཡོང་ཐབས། དཔེར་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད། ཤེས་ཡོན་ཡར་རྒྱས་སོགས་གནས་དུས་དང་བསྟུན་པའི་གང་ཅིའི་གོ་སྐབས་ཇེ་བཟང་དུ་གཏོང་ཐབས། གཞིས་ཆགས་ཁག་སྲ་བརྟན་འཚོ་ཐབས། བོད་དོན་དྲིལ་བསྒྲགས་ལ་ཤུགས་སྣོན་གྱིས་འབྲེལ་ལམ་བཟང་དུ་གཏོང་ཐབས། འཕྲོད་བསྟེན་གྱི་གནས་སྟངས་ཐོག་ཉམས་ཞིབ་དང་འབྲེལ་དཀའ་ངལ་སེལ་ཐབས་ལ་སོགས་པའི་ལས་གཞིའི་ཐོག་གཞུང་ཞབས་ཞུས་པའི་ལས་ཀའི་ཉམས་མྱོང་དང་རྒྱུས་མངའ་རྨང་གཞིར་བཞག་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཀོ་ཐག་གློད་མི་ཡོང་ཞེས་སྙན་སེང་ཞུ་རྒྱུ་བཅས།
