བཀའ་ཁྲིའི་བགྲོ་གླེང་སྐབས་ཀྱི་དྲི་བ་དྲིས་ལན་ཁག
དྲི་བ། ༢༠༠༨ ལོར་བོད་ཆོལ་གསུམ་ཡོངས་ལ་ཞི་རྒོལ་ཤུགས་ཆེན་པོ་ཞིག་བྱུང་བས། དེའི་སྐབས་བོད་གཞིས་བྱེས་གཉིས་ནས་ཆིག་སྒྲིལ་གྱི་ནུས་པ་བྱུང་བ་བཞིན། མ་འོངས་པར་དེ་འདྲ་ཞིག་བྱུང་ན། ག་རེ་བྱེད་རྩིས་ཡོད་མེད་གསུངས་རོགས།
བློ་བཟང་སེང་གེས། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནས་དཔའ་བོ་དཔའ་བོ་མང་པོས་རྩ་དོན་ཆེད་རང་སྲོག་བློས་བཏང་བ་རེད། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུར་རེ་བ་ཆེན་པོ་བྱས་པ་རེད། དེ་བཞིན་བཙན་བྱོལ་ནང་རྒྱལ་ཁབ་སུམ་བཅུ་ཙམ་གྱི་ནང་བོད་པ་ཡོད་སར་ལས་འགུལ་མང་པོ་སྤེལ་བ་རེད། ཡིན་ནའང། དེའི་ནང་འགྲིག་པ་དང་འཐུས་ཤོར་ཕྱིན་པ་གཉིས་ཀ་ཡོད་པ་རེད། ང་ཚོས་དང་ཐོག་༢༠༠༨ ལོའི་སྒེར་ལངས་ལ་བསྐྱར་ཞིབ་ཅིག་དགོས་པ་རེད། གཞུང་དང། གཞོན་ལྷན། བུད་མེད་ལྷན་ཚོགས། སྒེར་ཚང་མས་འཐུས་ཤོར་ག་རེ་ཕྱིན་འདུག་བསྐྱར་ཞིབ་ཅིག་དགོས་པ་རེད། རྒྱ་ནག་གཞུང་གིས་བསྐྱར་ཞིབ་བྱས་ཚར་བ་མ་ཟད། ལག་བསྟར་བྱེད་ཀྱི་ཡོད་པ་རེད། ང་ཚོས་འགྲིག་པ་དང། མ་འཐུས་པ་ག་རེ་འདུག ཡར་རྒྱས་གཏོང་དགོས་པ་ག་རེ་འདུག དང་ཐོག་དེ་ཚོར་བསྐྱར་ཞིབ་ཅིག་བྱེད་ཀྱི་ཡིན།
སྤེན་པ་ཚེ་རིང་གིས། ༢༠༠༨ ལོ་གནས་ཚུལ་བྱུང་སྐབས། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནང་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། དེ་སྔོན་ལས་ཀ་དེ་འདྲ་རྒྱ་ཆེན་པོ་བྱེད་མ་མྱོང་བས། གཞུང་དང། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡིན་ནའང། སོ་སོ་དངོས་སུ་ལས་འགུལ་ནང་ཞུགས་སྐབས་འཐུས་ཤོར་ཕྱིན་པ་མཐོང་སོང། མ་འོངས་པར་དེ་འདྲའི་ཛ་དྲག་གི་ལས་འགུལ་བྱུང་ན། དེ་ཚོའི་ནུས་པ་མཉམ་དུ་སྤུངས་ནས། བོད་ནས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་ཆ་རྐྱེན་ག་རེ་དགོས་ཀྱི་འདུག དབུས་ལས་ཁུངས་ཤིག་དྷ་སར་བཙུགས་ནས་དེས་འགན་ག་འདྲ་ཁུར་དགོས་ཀྱི་འདུག མི་དང་དཔལ་འབྱོར་གྱི་མཐུན་རྐྱེན་ག་རེ་དགོས་གསལ་པོ་ཆགས་ཡོད། དེ་འདྲའི་སྐབས་ལྟ་བ་མི་འདྲ་ཕར་གཡུག་ནས་ནུས་པ་མཉམ་དུ་སྤུངས་དགོས་ཀྱི་འདུག
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། ༢༠༠༨ ལོར་བོད་ནང་ཛ་དྲག་བྱུང་སྐབས་ང་ཚོ་བོད་གཞུང་མང་གཉིས་ནས་ཚད་དང་ལྡན་པའི་གདོང་ལེན་བྱེད་མ་ཐུབ་པའི་རྣམ་འགྱུར་ཞིག་ཐོན་པ་རེད། དེའི་སྐབས་ཆད་ལྷག་ག་རེ་བྱུང་བ་ལ་ང་ཚོས་དགོངས་པ་བཞེས་དགོས་པ་རེད། དེ་དང་མཉམ་དུ་གྲ་སྒྲིག་དགོས་པ་རེད་ལ། ད་ལྟ་ནས་སྦྱོང་བརྡར་ཞིག་དགོས་པ་རེད། བསྐྱར་དུ་དེ་འདྲ་བྱུང་ན་བོད་ནང་གི་འབོད་སྒྲ་དེ་འཛམ་གླིང་ནང་ཁྱབ་ཐུབ་པ་ཞིག་དགོས་པ་དང། དེ་དང་མཉམ་དུ་བོད་མི་མང་སྐྱོབ་ཐུབ་པའི་ནུས་པ་འདོན་དགོས་པ་རེད། དེ་བཙན་བྱོལ་གཞུང་གཅིག་པུས་གནང་ཐུབ་ཀྱི་ཡོད་མེད་མི་ཤེས་མོད། འཛམ་གླིང་གིས་བོད་ཀྱི་བདེན་ར་སྤྲོད་བྱུང་བ་དང་མཉམ་དུ་སྐྱོབ་ཐུབ་པ་ཞིག་དགོས་པ་རེད།
རྒྱལ་རི་སྒྲོལ་མས། ངས་སྤྱི་འཐུས་དང་སྤྱི་འཐུས་ཚོགས་གཞོན་བྱས་པའི་རིང་ལས་ཀ་ཡག་པོ་བྱེད་ཐུབ་མ་སོང་བསམ་པ་གཅིག ༢༠༠༨ ལོར་བོད་ནང་བོད་མི་ཚོས་རང་སྲོག་བློས་བཏང་ནས་ལས་འགུལ་སྤེལ་སྐབས། ང་ཚོས་ཕར་ནུས་པ་ཐོན་པ་ཞིག་བྱེད་ཐུབ་མ་སོང་བསམ་གྱི་ཡོད། མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་གསུངས་པ་བཞིན། དེའི་སྐབས་ག་རེ་འགྲིག་མི་འདུག ག་རེ་འགྲིག་འདུག་དེའི་ཐོག་བསམ་བློ་ཞིག་གཏོང་དགོས་པ་གལ་ཆེན་པོ་རེད།
དྲི་བ། འོས་མི་སོ་སོ་ལ་དམིགས་བསལ་གྱི་ནུས་པ་ག་རེ་ཡོད་ཅེས་དྲིས་པར།
བློ་བཟང་སེང་གེས། བཀའ་བློན་ཁྲི་པ་སུ་ཕེབས་ནའང་འགན་ལྔ་ཡོད་རེད་བསམ་གྱི་འདུག གཅིག་དེ་གཞིས་ལུས་མི་མང་ཚོའི་རེ་བ་དང་གནས་སྟངས་དེ་གལ་ཆེ་ཤོས་རེད། དེ་རྟོགས་ཐུབ་མཁན་ཞིག་དགོས་ཀྱི་ཡོད་རེད། གཉིས་པ། དེ་རྟོགས་ཚར་བའི་རྗེས་སུ་རྒྱལ་སྤྱིའི་ཐོག་ནས་འཕེལ་བསྐྱེད་དང། རྒྱབ་སྐྱོར་རགས་ཐབས། གཞུང་མང་གཉིས་ཐོག་ནས་རིམ་པར་བྱེད་རྒྱུ་གལ་ཆེན་པོ་རེད། གསུམ་པ། རྒྱ་ནག་གཞུང་དང་མི་མང་ནང་ལ་འགྱུར་ལྡོག་ག་རེ་འགྲོ་ཡི་འདུག སྤྱི་ཚོགས་དང། དཔལ་འབྱོར། དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་འགྱུར་ལྡོག་ག་རེ་འགྲོ་ཡི་འདུག དེ་མཁྱེན་ཐུབ་མཁན། གོ་སྐབས་འཇུ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་རེད། བཞི་པ། རྒྱ་གར་གཞུང་མང་གཉིས་ཀ་ད་ལྟ་བར་དུ་བཀའ་དྲིན་ཆེན་པོ་ཞེ་དྲག་རེད། དེ་མུ་མཐུད་དུ་གནས་པ་དང་རབ་བྱུང་ན་ཤུགས་ཆེ་རུ་གཏོང་དགོས་ཀྱི་རེད། ལྔ་པ། བཙན་བྱོལ་ནང་ཡོད་པའི་གཞུང་དང་མི་མང་གཉིས་ཆགས་ཀྱི་ཡོད་རེད། དེ་ལྔ་པོའི་ཐོག་ནས་འཇོན་ཐང་དང་ནུས་པ་བཏོན་ཐུབ་མཁན་ཞིག་དགོས་ཀྱི་ཡོད་རེད། ངའི་ངོས་ནས་བོད་ནང་གི་གཞིས་ལུས་མི་མང་གི་གནས་སྟངས་གང་འཚམ་ཤེས་ཀྱི་ཡོད་བསམ་གྱི་ཡོད། བོད་ནང་ནས་ཕེབས་པ་རྒྱ་གར་ནང་ཞེ་དྲག་ཡོད་རེད། དེ་དག་མཇལ་འཕྲད་བྱས་ནས་བཀའ་བསྡུར་རིམ་པར་བྱས་ཡོད། དེ་བཞིན་ཕྱི་རྒྱལ་དུ་བོད་ནས་སློབ་ཕྲུག་དང་མཁས་དབང་མང་པོ་ཕེབས་ཀྱི་ཡོད་རེད། བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཁག་མང་པོ་ལ་བཅར་མྱོང་། དེ་དག་བརྒྱུད་ནས་བོད་ནང་གི་དངོས་ཡོད་གནས་སྟངས་གང་འཚམ་རྟོགས་ཐུབ་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ཐོག་ཏུ་རིམ་པས་ཚོགས་འདུ་ཁག་མང་པོ་བཅར་མྱོང་། བོད་དོན་ཐོག་རིམ་པས་ལས་དོན་བྱེད་བཞིན་པ་དང་། ལུང་པ་མང་པོ་ཞིག་ལ་ལོ་བཅོ་ལྔ་ཙམ་རིང་འགྲོ་དང་འགྲོ་བཞིན་པ་ཡིན། ད་དུང་མུ་མཐུད་འགྲོ་རྩིས་ཡོད། གསུམ་པ། རྒྱ་ནག་གི་ཐོག་ལ་དམིགས་བསལ་རྒྱ་ནག་གི་མཁས་དབང་སྟོང་ཕྲག་ཙམ་དང་མཉམ་དུ་ཚོགས་འདུ་ཁག་བདུན་བསྐོངས་ནས་༢༠༠༣ དང་༢༠༠༩ གཉིས་ལ་༧གོང་ས་མཆོག་གདན་འདྲེན་ཞུས་ཏེ་ཆུ་ཚོད་གཉིས་ཙམ་བགྲོ་གླེང་བྱས་པའི་ཉམས་མྱོང་ཕྲན་བུ་ཡོད་ཅེས་ཞུ་རྒྱུ་ཡིན། བཞི་པ། ང་རྒྱ་གར་ནང་དུ་འཚར་ལོངས་བྱུང་བ་རེད། རྒྱ་གར་གྱི་གནས་སྟངས་ཚང་མ་རྒྱུས་ཡོད། དེའི་ཐོག་ཞིབ་ཕྲ་ཞུ་མི་དགོས་པར་ངས་ཧིན་དྷིའི་སྐད་ད་དུང་ཤེས་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན། མཐའ་མ་དེ་བཙན་བྱོལ་གཞུང་དེ་ཆགས་ཀྱི་ཡོད་རེད། བཙན་བྱོལ་ཐོག་ནས་རྒྱུས་ཡོད་ཅེས་ཞུ་རྒྱུ་ཡིན།
རྒྱ་རི་སྒྲོལ་མས། གཙོ་བོ་དེ་ལས་དོན་གཉིས་རེད། གཅིག་དེ་ཆབ་སྲིད་ཀྱི་ལས་ཀ་དང་། གཅིག་དེ་ད་ལྟའི་གཞུང་གི་སྲིད་བྱུས། ལྷག་པར་དུ་གྲོས་ཚོགས་རང་གི་ནང་ལ་ལོ་བཅུ་དགུ་ཙམ་འགྲོ་ཡི་ཡོད་དུས་དེ་རང་གི་ཉམས་མྱོང་དང་། རྒྱལ་སྤྱིའི་སྡིངས་ཆའི་སྒང་ནས་རྒྱབ་སྐྱོར་འཚོལ་བ་དེ་འདྲའི་ལས་ཀ་ཚང་མ་བྱེད་ཀྱི་དགོས་ཀྱི་་ཡོད་རེད། འདས་པའི་ལོ་སུམ་ཅུ་ལབ་ན་འགྲིག་གི་འདུག དེའི་རིང་ལ་བོད་དོན་ཐོག་ལ་རྒྱབ་སྐྱོར་འཚོལ་བ་དང། དེ་བཞིན་གནད་དོན་རྣམས་ཕྱི་ལ་བཤད་པའི་ཉམས་མྱོང་དེ་འདྲ་རེད། ལྷག་པར་དུ་ང་རང་ཚོ་བསོད་བདེ་ཆེ་བ་ཞིག་ལ་གཙོ་བོ་༧གོང་ས་མཆོག་དབུ་བཞུགས་ཡོད་རེད། དེ་བཞིན་མང་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་གྲོས་ཚོགས་ཤིག་ཡོད་དུས་དེའི་ཐོག་ནས་ང་ལ་ཆབ་སྲིད་ཀྱི་སྤོབས་པ་སྐྱེས་ནས་ག་རེ་ཡིན་ཡང་ལྷག་བསམ་རྣམ་དག་ཐོག་ནས་ལས་ཀ་ཞིག་བྱས་པ་ཡིན་ན། དབུ་ལ་༧རྒྱལ་བ་རིན་པོ་ཆེ་ཡོད། མང་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་གྲོས་ཚོགས་ཡོད་དྲན་གྱི་འདུག གཉིས་པ་དེ་ལ་མི་མང་གི་དཀའ་ངལ་རེད། བཙན་བྱོལ་མི་མང་མང་ཆེ་བ་རྒྱ་བལ་འབྲུག་གསུམ་ནང་ལ་ཡོད་རེད། དེའི་དཀའ་ངལ་དེ་ངས་སློབ་སྦྱོང་བྱེད་དགོས་ཀྱི་མི་འདུག ངས་ཤེས་ཀྱི་ཡོད། དེའི་ཐད་ནས་དཀའ་ངལ་བསངས་སའི་ཡུལ་དེ་མང་ཆེ་བ་རྒྱ་གར་གཞུང་ཆགས་བསྡད་འདུག གྲོས་ཚོགས་ཀྱི་འཐུས་མི་ལོ་མང་བྱས་པའི་རྒྱུ་མཚན་དང། ལས་ཀ་མང་པོ་ཞིག་གི་ཐོག་ནས་རྒྱ་གར་གྱི་གྲོས་ཚོགས་དང། ཆབ་སྲིད་པ། གཞུང་བཅས་ལ་གཞུང་འབྲེལ་དང་སྒེར་གཉིས་ཀའི་ཐོག་ནས་འབྲེལ་བ་མང་པོ་ཡོད་དུས་ད་ལྟ་བར་དུ་ལས་ཀ་ཆེ་ཆུང་གང་སར་ཐུགས་ཕན་གསོས་པ་བྱུང་ཡོད་རེད། དེ་ཚོས་ཕན་ཐོགས་ཤིག་ཡོང་གི་མེད་འགྲོ། མཐའ་མ་དེ་ལ་ང་རང་མཚོན་ན་ཐག་གཅོད་ག་རེ་བྱས་པ་ཡིན་ཡང་སོ་སོས་བསམ་བློ་བཏང་ནས་ཐག་བཅད་ཐུབ་མཁན་ཞིག་ཡིན་དུས་དེ་ཡང་གལ་ཆེན་པོ་རེད་དྲན་གྱི་ཡོད།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། མི་གཅིག་ལ་དམིགས་བསལ་ནུས་པ་ག་རེ་ཡོད་རེད་ཟེར་ན། ལབ་ཁག་པོ་རེད་དྲན་གྱི་འདུག ཡིན་ན་ཡང་ད་ལྟའི་བཀའ་བློན་ཁྲི་པའི་འོས་གཞིར་འགྲོ་མཁན་ཚོས་སོ་སོའི་རེ་བ་དང་འདོད་པ། སེམས་ཤུགས་ཀྱི་ཐོག་ནས་ཆབ་སྲིད་ལ་འདི་བྱེད་ཀྱི་ཡིན། ཤེས་རིག་ཐོག་ལ་འདི་བྱེད་ཀྱི་ཡིན། འཕྲོད་བསྟེན་ཐོག་ལ་འདི་བྱེད་ཀྱི་ཡིན། བཙན་བྱོལ་མི་མང་ཐོག་ལ་འདི་བྱེད་ཀྱི་ཡིན་རེ་བ་ཙམ་བསྟན་པ་མ་གཏོགས། དངོས་སུ་བྱེད་ཐུབ་ཀྱི་ཡོད་མེད་སུ་གཅིག་གིས་ལབ་ཐུབ་ཀྱི་མ་རེད། ཡིན་ཡང་ང་ཚོ་ཚང་མ་སྤྱི་ཚོགས་ནང་ལ་ཞབས་ཕྱི་ཞུས་པའི་མི་ཡིན་སྟབས། མི་དེས་སྤྱི་ཚོགས་ནང་ལ་བསྡད་ནས་ལས་ཀ་བྱེད་ཐུབ་ཀྱི་འདུག་གམ། མི་འདིས་ལས་ཀ་བྱས་ནས་གྲུབ་འབྲས་ཐོབ་པ་བྱུང་འདུག་གམ། ལས་ཀ་གསར་གཏོད་བྱེད་ཐུབ་འདུག་གམ། གཞུང་གི་སྒྲིག་འཛུགས་ནང་ལ་ལས་ཀ་བྱེད་ཐུབ་འདུག་གམ། གཞུང་མང་གཉིས་ལ་ཡིད་ཆེས་སླེབས་པ་བྱེད་ཐུབ་འདུག་གམ། དེ་ཚོ་མི་མང་གིས་གཟིགས་རྒྱུ་རེད་མ་གཏོགས། ང་ཚོར་དམིགས་བསལ་ནུས་པ་འདི་ཡོད་ཟེར་ནས་སོ་སོས་སོ་སོར་རྒྱང་བསྒྲགས་ལྟ་བུ་བྱས་ཀྱང་ཕན་ཐོགས་དེ་ཙམ་ཨེ་ཡོད་བསམ་གྱི་འདུག གཙོ་བོ་བཀའ་བློན་ཁྲི་པ་སུས་དམིགས་བསལ་ནུས་པ་འདོན་རྒྱུ་ཡོད་ན། ནུས་པ་དེ་ད་ལྟ་བར་དུ་བཏོན་ཐུབ་འདུག་མི་འདུག་ལྟ་རྒྱུ་མ་གཏོགས། རྐུབ་བཀྱག་གསར་པ་ཞིག་གི་སྒང་ལ་སླེབས་དུས་མི་གསར་པ་ཞིག་དང་ནུས་པ་གསར་པ་ཞིག་ཐོན་རྒྱུ་ཨེ་ཡོད་བསམ་གྱི་འདུག
སྤེན་པ་ཚེ་རིང་གིས། བཀའ་བློན་ཁྲི་པ་དེ་ཧཱ་ནུ་མཱན་(རིག་བྱེད་གཏམ་རྒྱུད་ནང་གི་རྫུ་འཕྲུལ་ཅན་གྱི་སྤྲེའུ་ཞིག)ལྟ་བུ་ཞིག་ནི་ཡོང་གི་མ་རེད། དེ་འདྲ་ཡིན་དུས་སོ་སོས་ནུས་པ་འདོན་པ་ཞིག་དང་། གཙོ་བོ་དེ་བཀའ་ཤག་ལྷན་རྒྱས་ཡག་པོ་ཞེ་དྲག་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བསམ་གྱི་ཡོད། བཀའ་ཤག་ལྷན་རྒྱས་ཡག་པོ་བྱུང་བ་ཡིན་ན། བཀའ་བློན་བྱེ་བྲག་པ་རེ་རེས་འགན་ཁུར་ཐུབ་པ་ཞིག་དང་། བཀའ་བློན་ཁྲི་པ་དེས་སྤྱི་ཡོངས་ཀྱི་རྒྱལ་སྤྱིའི་ནང་དང་བོད་ནང་། བོད་རྒྱ་འབྲེལ་མོལ་གྱི་འགན་གཙོ་བོ་ཁུར་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། ང་ཚོའི་གནས་སྟངས་ཀྱི་འོག་ནས་མིའི་ནུས་པ་ཉུང་ཉུང་རེད། དཔལ་འབྱོར་གྱི་མཐུན་རྐྱེན་ཡང་མང་པོ་དང་བསྡུར་བ་ཡིན་ན་གང་འཚམ་སྐྱོ་པོ་རེད། ཡིན་ན་ཡང་ངས་འདས་པའི་ཉམས་མྱོང་ལ་གཞི་བཅོལ་ནས་དཔེར་ན། བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་ཙམ་གོ་སྒྲིག་ཐུབ་པ་བྱུང་བ་རེད། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་ཙམ་གོ་སྒྲིག་ཐུབ་པ་བྱུང་བ་རེད། དེ་བཞིན་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་འབྲེལ་བ་གང་འཚམ་ཡག་པོ་ཡོད་དུས། ནུས་པ་དེ་དག་ཚང་མ་སྤུངས་ནས་བོད་དོན་ལ་ཤུགས་ག་འདྲ་རྒྱག་དགོས་ཀྱི་འདུག གཞི་རྩ་ཞིག་ཡོད་པའི་ཐོག་ལ་ནུས་པ་གོང་འཐོར་སྤེལ་བར་དཀའ་ལས་རྒྱག་དགོས་ཀྱི་རེད་བསམ་གྱི་ཡོད། དེ་ངའི་ཉམས་མྱོང་ཐོག་གི་ནུས་པ་དེ་ཆགས་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན།
དྲི་བ། དེ་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་༧གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུའི་འདོད་པ་ཡོད་མེད་དྲིས་པར།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། ༢༠༠༨ ཀྱི་ཚོགས་ཆེན་སྐབས་སུ་མ་འདས་སྤྲུལ་སྐུའི་སྐོར་མང་པོ་གསུང་མཁན་བྱུང་སོང་། དེའི་ཐོག་ལ་ཐད་ཀར་ཞུས་པ་ཡིན་ན་བློ་བདེ་པོ་འདྲ་ཞིག་མི་འདུག སྔར་གྱི་ལུགས་སྲོལ་ཐོག་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རྗེས་མ་གདན་འདྲེན་ཞུ་རྒྱུ་དེ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འོག་ནས་གནང་རྒྱུ་དེ་གཅིག་བྱས་ན་བརྟན་ཤོས་མིན་འགྲོ་བསམ་གྱི་འདུག དེའི་ཐད་སྔར་གྱི་ལམ་སྲོལ་ཐོག་ནས་༧སྐུ་ཕྲེང་བཅུ་བཞི་པ་གདན་འདྲེན་ཞུ་ཐུབ་པ་རེད། ཕྱིན་ཆད་ཡིན་ནའང་དེའི་ཐོག་ནས་གདན་འདྲེན་ཞུ་རྒྱུ་རེ་བ་ཆེ་ཤོས་མིན་འགྲོ་བསམ་གྱི་འདུག་མ་གཏོགས། ཚོད་ལྟ་གསར་པ་དེ་འདྲ་བྱས་པ་ཡིན་ན་དུས་ཚོད་འདི་འདྲ་ཞིག་ལ་ག་འདྲ་ཡིན་ན་བསམ་གྱི་འདུག
དྲི་བ། དེ་ནས་བོད་ནང་དུ་སྐད་རིགས་འདྲེས་མ་བཤད་པར་མང་པོ་ཞིག་གིས་དམ་བཅའ་བཞག་ནས་བོད་སྐད་རྐྱང་པ་བཤད་རྒྱུར་ཤུགས་རྒྱག་གི་ཡོད་རེད། བཙན་བྱོལ་ནང་དུ་བོད་མི་གཉིས་ཀྱི་སྐད་ཆ་བཤད་སྐབས་ཧ་ལོ་ཨོ་ཁེ་མི་ཟེར་བ་མི་སྲིད་པ་ཞིག་ཆགས་བསྡད་ཡོད་དུས། ང་ཚོ་ཡུལ་དང་ལུང་པའི་རང་བཙན་ཤོར་ན་ཡང་སྐད་དང་ཡི་གེའི་རང་བཙན་མི་ཤོར་བ་ཞིག་ཁྱེད་རྣམ་པ་ལན་རེ་འདེབས་རོགས་ཞེས་དྲིས་པར།
རྒྱ་རི་སྒྲོལ་མས། གཞི་རྩའི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་པ་དེ་རང་གི་སྐད་ཡིག་བདག་ཉར་བྱེད་ཐུབ་པ་ཞིག་ཏུ་དགོངས་ནས་ད་ལྟའི་སྲིད་བྱུས་དེ་བཞག་པ་རེད། ཐད་ཀར་བཙན་བྱོལ་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་ལ་ཡོད་པའི་སློབ་གྲྭའི་ནང་དུ་ལག་བསྟར་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་སྡེ་ཚན་སོ་སོ་ལ་དཀའ་ངལ་ཡོད་ཀྱི་རེད་ལ། དེ་ཚོའང་རྒྱུ་མཚན་མེད་པ་ཞིག་རེད་བསམ་གྱི་མེད། བོད་ཀྱི་སྐད་དང་རིག་གཞུང་ལྷག་པར་དུ་སྐད་ཀྱི་ཐོག་ལ་ཐུགས་སྣང་མེད་པ་རེད་བསམ་གྱི་མེད། དེ་དག་ལག་བསྟར་ཡག་པོ་ཞིག་བྱེད་ཐུབ་པར་འབད་བརྩོན་བྱ་རྒྱུ་རེད་བསམ་གྱི་འདུག
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། སྐད་ཀྱི་ཐོག་ལ་དགོངས་འཆར་གནང་བ་དེར་རྩ་ཆེན་ཞིག་རེད་བསམ་གྱི་འདུག བོད་མི་ཚང་མས་དེའི་ཐོག་ལ་འབད་བརྩོན་བྱེད་དགོས་ཀྱི་རེད་བསམ་གྱི་འདུག དངོས་ཡོད་གནས་ཚུལ་ཐོག་ལ་ཚང་མས་མཁྱེན་གསལ་རེད། རྒྱ་གར་དུ་ཡོད་པ་རྣམས་རང་བཞིན་གྱིས་རྒྱ་གར་གྱི་སྐད་དང་། ནུབ་ཕྱོགས་རྒྱལ་ཁབ་ལ་ཡོད་མཁན་ཚོས་ནུབ་ཕྱོགས་པའི་སྐད། བོད་ནང་ལ་ཡོད་པ་ཚོར་རྒྱ་སྐད་ཀྱི་ཤུགས་ཤིག་སླེབས་ཀྱི་ཡོད་རེད། དེའི་ཐོག་ལ་བཀའ་ཁྲི་གསར་པ་ཕེབས་པ་དེས་ལམ་བཟང་བཟོ་བཅོས་རྒྱག་རྒྱུ་ཡོད་མ་རེད། ཡིན་ན་ཡང་ང་ཚོ་ཚང་མས་དྲན་གསོ་དང་སྦྲགས་ནས་མུ་མཐུད་འབད་བརྩོན་གྱིས་སོ་སོའི་སྐད་གཙང་མ་ཞིག་རྒྱག་ཐུབ་པ་དང་། ཡིག་ཐོག་ནས་ཕེབས་ཐུབ་པ། ཡར་རྒྱས་གོང་འཕེལ་འགྲོ་ཐུབ་པར་ང་ཚོས་དུས་རྟག་ཏུ་འབད་བརྩོན་བྱེད་དགོས་པ་རེད་བསམ་གྱི་འདུག རེ་བ་ཞུ་རྒྱུ་ཞིག་ལ། ཨ་རི་བསྡད་སྐབས་མགོ་ལོག་གི་བླ་མ་ལོ་ཆུང་ཞིག་མཇལ་བྱུང་། ཕ་ཡུལ་ལ་སྐད་ཀྱི་དོན་དུ་ལས་འགུལ་མང་པོ་སྤེལ་གྱི་རེད། རྒྱ་མིའི་ཚིག་ཚང་མའི་ཚབ་ལ་བོད་སྐད་རྒྱག་གི་ཡོད་རེད། དེའི་ནང་ནས་ཁོ་རང་གི་ཨ་མ་དགུང་ལོ་༦༥ ཡིན་པ། སྐད་ཆ་བཤད་དུས་བོད་སྐད་ཀྱི་ཚིག་གསར་པ་དེ་འདྲ་་བེད་སྤྱོད་བྱེད་ཀྱི་འདུག དེའི་ནང་ནས་ཚིག་ཁ་ཤས་དབུས་སྐད་བེད་སྤྱོད་ཀྱིས་སྐད་གཅིག་གྱུར་ཡོང་བ་དང་། བོད་སྐད་གཙང་མ་ཡོང་བའི་ཆེད་དུ་རྒན་རྒོན་གྱིས་འབད་བརྩོན་བྱེད་ཀྱི་འདུག་གསུང་གི་འདུག ཕ་གིར་བྱེད་ཐུབ་ཀྱི་ཡོད་ན་ང་ཚོས་འདིར་དེ་བས་ཀྱང་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག
སྤེན་པ་ཚེ་རིང་གིས། ད་གིན་ཞུས་པ་བཞིན་ཤེས་ཡོན་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་དེ་བོད་ཀྱི་རིག་གཞུང་གི་སྲོག་རྩ་ཆགས་བསྡད་ཡོད་དུས་དེ་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་དང་། ལྷག་པར་དུ་དེང་སང་བོད་པ་མང་པོ་ཞིག་ཕྱི་རྒྱལ་དུ་ཕྱིན་ནས་ཕྲུ་གུ་གསར་པ་འཚར་ལོངས་བྱེད་མཁན་དེ་ཚོ་བོད་པའི་སྐད་ཡིག་ལ་དོ་སྣང་ཉུང་དུ་འགྲོ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། འོན་ཀྱང་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཕྱི་རྒྱལ་ལ་འགན་ཐུབ་མཁན་འགའ་ཤས་ཤིག་གིས་བོད་ཡིག་འཛིན་གྲྭ་འཚོག་ནས་དཀའ་ལས་རྒྱག་གི་འདུག ད་ལྟའི་ཡུལ་གྲུ་འདིར་བལྟས་པ་ཡིན་ན་ལོ་ཉི་ཤུ་ཙམ་གྱི་ནང་བོད་དུ་ལོག་ཐུབ་པའི་གནས་སྟངས་ཤིག་མ་བྱུང་བ་ཡིན་ན། ཕལ་ཆེར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་བརྒྱ་ཆ་ལྔ་བཅུ་ཙམ་ཞིག་ཡུ་རོབ་དང་ཨ་རི་ལ་སླེབས་འགྲོ་བའི་ཉེན་ཁ་འདུག དེ་ཚོ་ལ་བལྟས་ནས་ད་ལྟ་ནས་དྲ་ལམ་གྱི་རིག་གནས། དྲ་རྒྱའི་བརྒྱུད་ནས་བོད་པའི་སྐད་ཡིག་སློབ་རྒྱུ་དང་། འོད་སྡེར་བརྒྱུད་ནས་བོད་པའི་སྐད་ཡིག་སློབ་རྒྱུའི་རྒྱུ་ཆ་ཆ་ཚང་ཞིག་བཟོ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག
བློ་བཟང་སེང་གེས། ང་ཚོ་བོད་པའི་སྐད་དང་རིག་གཞུང་ཆོས་བཅས་དེ། བོད་པའི་དམིགས་ཡུལ་གྱི་ལྟེ་གནས། དེ་བཞིན་མི་རིགས་ཀྱི་ངོ་བོ་རྩ་ཆེ་ཤོས་ཞིག་ཆགས་དགོས་ཀྱི་རེད། དེ་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད་རེད། དེ་བཞིན་བཙན་བྱོལ་དུ་སླེབས་དང་པོ་ང་ཚོ་མ་རེད། མཐའ་མ་དེའང་ང་ཚོ་མ་རེད། མི་རིགས་གཞན་དག་གིས་ཆོས་དང་རིག་གཞུང་སྐད་ཡིག་མ་བརླག་པའི་སྔོན་ནས་རྩ་དོན་བརྩད་ནས་སོ་སོའི་ལུང་པ་ལ་རང་དབང་ཐུབ་པ་བྱུང་ཡོད་རེད། དཔེར་ན། ཇིའུ་ཤི་མི་རིགས་དང། ཨར་མཱན་མི་རིགས། ཇིའུ་ཤི་མི་རིགས་ལོ་སྟོང་ཕྲག་གཉིས་རིང་གཞན་གྱི་ལུང་པར་ལྷག་པ་རེད། ཨར་མན་མི་རིགས་དེ་ལོ་སྟོང་ཕྲག་གི་གཅིག་གི་རིང་ལ་མི་སེར་སྤེལ་ཡུལ་གཅིག་གི་འོག་ལ་ཚུད་པ་རེད། དེ་གཉིས་ཀྱིས་རྗེས་སུ་རང་དབང་བསྐྱར་གསོ་ག་རེ་བྱས་ནས་བྱེད་ཐུབ་པ་རེད་ཟེར་ན། ཆོས་དང་རིག་གཞུང་སྐད་དེ་གཞིར་བཞག་པའི་ཐོག་ནས་རྩ་དོན་བརྩད་ནས་རང་དབང་བསྐྱར་གསོ་བྱེད་ཐུབ་པ་བྱུང་བ་རེད། བོད་ནང་ལ་ལྷག་དཀར་གྱི་ལས་འགུལ་སྤེལ་གྱི་ཡོད་རེད། གཟའ་ལྷག་པ་དཀར་པོ་རེད་ཅེས་ཟེར་ནས། དེའི་ཉིན་མོར་བོད་སྐད་རྒྱག་པ་དང་། བོད་ཆས་གོན་པ། བསང་གསོལ་བྱེད་པ། དཔེ་ཆ་ཀློག་པའི་ལས་འགུལ་སྤེལ་གྱི་ཡོད་རེད། སྤྱི་ཡོངས་ལ་ཁྱབ་ཀྱི་ཡོད་རེད། ཉེ་ཆར་པེ་ཅིང་ལ་ཡོད་པའི་མི་རྒན་པ་ཞིག་གིས་གསུངས་སོང་། ཁོ་ཚོ་ཁ་ལག་ཟ་སར་བུ་མོ་ཆུང་ཆུང་ཞིག་ཡོད་པ་དེ་མཆོད་པ་འབུལ་གྱི་རེད་ཟེར། ང་ཚོས་འབུལ་ཤེས་ཀྱི་མེད་ཟེར། འདི་ལྟ་བུའི་བུ་མོ་དང་། རྒན་པ་ཚང་མས་དོ་སྣང་བྱས་ནས་ཁུར་ལེན་གྱི་ཡོད་རེད། དེ་བཞིན་ང་ཚོས་ཁོ་རང་ཚོར་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་ལྷག་དཀར་གྱི་ལས་འགུལ་དེ་རྒྱ་གར་ནང་དང་ཕྱི་རྒྱལ་ནང་དུ་ལས་འགུལ་དེ་སྤེལ་དགོས་ཀྱི་རེད་བསམ་གྱི་འདུག སྤེལ་བ་ཡིན་ན་རང་བཞིན་གྱིས་ཆོས་དང་རིག་གཞུང་སྐད་བསྐྱར་གསོ་བྱས་པ་དང་མཉམ་དུ་བོད་ནང་དུ་ཡོད་པའི་སྐུ་ལས་བསྐྱོན་མཁན་དེ་ཚོ་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱབ་སྐྱོར་གྱི་རྣམ་པ་བཏོན་ཐུབ་ཀྱི་རེད། དེ་གཟི་བརྗིད་དང་ལྡན་པ་ཞིག་ཆགས་ཀྱི་རེད། དེ་༧གོང་ས་མཆོག་གི་དགོངས་པ་རེད། རེ་བ་རེད། ཡིན་གཅིག་མིན་གཉིས་གནང་དགོས་པ་རེད་བསམ་གྱི་འདུག
དྲི་བ། དཀའ་ངལ་དང་གནད་འགག་དེ་གཞིས་ལུགས་བོད་མི་རྣམས་ཀྱི་ཛ་དྲག་གནས་སྟངས་དེ་ཆགས་བསྡད་ཡོད་རེད། བཙན་བྱོལ་གཞུང་མང་གཉིས་ཀྱི་ལམ་སྟོན་འོག་གཞིས་བཞུགས་བོད་མི་རྣམས་ཀྱི་དཀའ་ངལ་དང་བདེན་མཐའ་གསལ་ཐབས་ཆེད། དུས་ཡུན་ལོ་ལྔའི་རིང་ལ་སྒྲུབ་ཕྱོགས་ཀྱི་ནུས་པ་ག་རེ་འདོན་དགོས་ཀྱི་རེད་ཅེས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་དྲིས་པར།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། ཚང་མས་འབད་བརྩོན་བྱེད་རྒྱུ་རེད་མ་གཏོགས་འདི་ནས་བཤད་ནས་ལ་དག་གི་མ་རེད། ད་ལྟ་བར་དུ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ནང་ནས་བོད་ཀྱི་གནད་དོན་ཐོག་ལ་མུ་མཐུད་འབྲེལ་བ་དང་འབད་བརྩོན་གནང་གི་ཡོད་རེད། ཨ་རི་གཞུང་གི་འབྲེལ་བ་ཡིན་ན་འདྲ། རྒྱ་གར་གཞུང་གི་འབྲེལ་བ་ཡིན་ན་འདྲ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་འདྲ་མིན་ནང་དུ་བོད་ཀྱི་བདེན་མཐའ་སེལ་བའི་དོན་དུ་ནུས་པ་ཆེ་རུ་གཏོང་རྒྱུ་ཨེ་ཡོད། གཏིང་ཟབ་ཏུ་གཏོང་རྒྱུ་ཨེ་ཡོད་དེ་འདྲའི་ཐོག་ནས་བཀའ་ཁྲི་གསར་པ་སུ་ཕེབས་པ་ཡིན་ཡང་གནང་ཐུབ་ཀྱི་རེད་བསམ་གྱི་འདུག དེ་བཞིན་དེའི་ནུས་པ་སེལ་བ་ལ་གཞུང་གི་སྒྲིག་འཛུགས་ཙམ་མ་ཡིན་པར་དེང་སང་འཛམ་བུ་གླིང་འདིའི་ནང་ལ་གཞུང་གཅིག་པུར་ནུས་པ་འདོན་གྱི་ཡོད་མ་རེད། མི་མང་གིས་ནུས་པ་འདོན་གྱི་ཡོད་རེད། དེ་འདྲ་ཡིན་སྟབས་བོད་པའི་ཚོགས་པ་སྐྱིད་སྡུག་ཁག་གིས་ལས་འགུལ་དང་འབད་བརྩོན་བྱས་པ་དེ་ཞེ་དྲག་ནུས་པ་ཆེན་པོ་ཡོད་རེད། དེ་ལ་མི་མང་གི་རྣམ་འགྱུར་འདོན་པའི་རྣམ་པ་ཞིག་ཐོན་གྱི་ཡོད་རེད། དེར་བརྟེན་གཞུང་མང་གཉིས་ཀྱི་ཐོག་ནས་འབད་བརྩོན་བྱེད་རྒྱུ་དེ་ནུས་པ་ཆེ་ཤོས་རེད། དེ་བཞིན་གཞུང་གིས་གནང་གི་ཡོད་རེད། མི་མང་གིས་རྒྱ་མི་དང་འབྲེལ་བ་བྱས་ནས་བོད་པའི་བདེན་པ་དེ་ར་སྤྲོད་ཡོང་བར་མི་སྒེར་ཡིན་ན་འདྲ། ཚོགས་པ་སྐྱིད་སྡུག་ཡིན་ན་འདྲ། མཁས་པ་ཁག་ལ་འབྲེལ་བ་ཞིག་གནང་གི་ཡོད་རེད། དེའི་ནུས་པ་ཐོན་པར་ཆ་རྐྱེན་གྱི་ཐོག་ནས་བོད་གཞུང་ལ་གནང་རྒྱུ་ཞེ་དྲག་ཡོད་པ་རེད་བསམ་གྱི་འདུག མཐུན་འགྱུར་རོགས་རམ། བསླབ་བྱ། དེ་བཞིན་ནུས་པ་གོང་སྤེལ་གཏོང་རྒྱུ་ལ་སོགས་པ་གནང་རྒྱུ་མང་པོ་ཡོད་རེད། འདི་དང་འདི་ཞེས་དེ་རིང་ཞུས་ནས་ཐོ་འདོན་རྒྱུ་དེ་འདྲ་ཡོད་མ་རེད་དེ། ནུས་པ་ཆེ་རུ་གཏོང་བའི་གོ་སྐབས་ཏན་ཏན་ཡོད་རེད་བསམ་གྱི་འདུག
དྲི་བ། རྣམ་པ་ཚོ་བཀའ་ཁྲི་ཕེབས་རྗེས་རྒྱ་ནག་ལ་ཆེས་ཐོག་མའི་ལན་དེ་ག་རེ་རྒྱག་གི་ཡིན་ཞེས་དང་། རྒྱ་ནག་གི་བཙན་བྱོལ་བོད་ཀྱི་གནས་སྟངས་མ་ཤེས་པ་ཡོད་མ་རེད་དེ། བོད་གཞུང་གིས་རྒྱ་ནག་གི་གནས་སྟངས་ཆ་ཚང་མི་ཤེས་པའི་བར་སྟོང་ལྷག་ཡོད་པའི་དོགས་པ་ཡོད་ཅེས་དྲིས་པར།
སྤེན་པ་ཚེ་རིང་གིས། ད་ལྟ་བཙན་བྱོལ་བོད་གཞུང་གི་ཐབས་ཤེས་བྱེད་བསྡད་པ་དེ་དངོས་ཡོད་ཀྱི་གནས་སྟངས་མང་པོ་ཞིག་ལ་གཞི་བཅོལ་ནས་འགྲོ་ཡི་ཡོད་རེད། གྲུབ་འབྲས་མ་ཐོན་པ་དེ་རྒྱ་ནག་གི་འགོ་ཁྲིད་ཚོས་ད་ལྟའི་རྒྱ་ནག་ནང་གི་གནས་སྟངས་དེ་དཔལ་འབྱོར་གྱི་ཐོག་ནས་སྟོབས་ཤུགས་ཆེན་པོ་ཡིན་པ་དང་། རྒྱལ་སྤྱིའི་དབང་ཤུགས་ག་འདྲ་ཞིག་ཡིན་ཡང་། ཨ་རི་ལྟ་བུ་ཡིན་ཡང་ཁོ་ཚོས་ལག་པ་དཀྱུས་སྒྲིལ་རྒྱག་ཐུབ་ཀྱི་རེད་བསམ་པའི་ཁེངས་དྲེགས་ཡོད་རེད། དམག་གི་ཐོག་ནས་ཡིན་ན་ཡང་འཛམ་བུ་གླིང་གི་ནང་དུ་སྟོབས་ཆེ་ཤོས་གཉིས་པ་ཡིན་བསམ་ནས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་དེ་འདྲའི་ཁེངས་དྲེགས་ཀྱི་གནས་སྟངས་ཤིག་གི་འོག་ལ་ང་ཚོའི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ནས་ཕར་འབྲེལ་བ་བྱེད་པའི་ཐབས་ཤེས་ག་ཚོད་བྱས་པ་ཡིན་ཡང་། ཡ་ལན་ཚུལ་དང་མཐུན་པ་ཞིག་གནང་གི་མེད་་པ་དེ་དངོས་ཡོད་གནས་སྟངས་རེད། ཡིན་ན་ཡང་རྒྱ་ནག་ནང་དུ་འགྱུར་བ་མང་པོ་ཞིག་འགྲོ་ཡི་ཡོད་པ་གསལ་པོ་རེད། ཉེ་ཆར་རང་ཝིན་ཅཱ་པོ་ཡིས་བཤད་འདུག ང་ཚོས་དཔལ་འབྱོར་གྱི་གུ་ཡངས་དང། དཔལ་འབྱོར་གྱི་བསྒྱུར་བཅོས་གཏོང་རྒྱུ་དེ་ཚོ་ལེའུ་གཅིག་རེད། འབྱུང་འགྱུར་གྱི་ནང་དུ་ཆབ་སྲིད་ཀྱི་འགྱུར་བ་གཏོང་རྒྱུ་དེ་གལ་ཆེན་པོ་རེད་ཅེས་རྒྱ་ནག་ནང་དུ་འགྱུར་བ་གང་འཚམ་ཐེབས་ཀྱི་འདུག དེ་འདྲའི་འགྱུར་བ་ཐེབས་ཡོང་དུས་ཁོ་དང་ཁོ་ལྟ་བུའི་ལྟ་བ་མཁྲེགས་བཟུང་མ་ཡིན་པའི་རྒྱ་ནག་གི་འགོ་ཁྲིད་དེ་དག་ལ་༧རྒྱལ་བ་རིན་པོ་ཆེ་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ཡིན་པ་རྒྱ་ནག་གི་མཁས་དབང་མང་པོས་བཤད་ཀྱི་ཡོད་པ་དེ། དཔོན་པོ་ཚོ་ལ་ར་འཕྲོད་ཐུབ་པ་ཞིག་བྱུང་བ་ཡིན་ན་དེའི་ཉིན་མོ་དེར་བོད་པའི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་ལྡེ་མིག་ལྟ་བུ་ཞིག་ཏུ་ངོས་བཟུང་ནས། བཙན་བྱོལ་གཞུང་གི་ངོས་ནས་ཡིག་ཆ་སྤྲད་བཞག་པ་དེ་ལ་ཡ་ལན་ཚུལ་མཐུན་ཞིག་གནང་ནས་དཀའ་རྙོག་སེལ་ཐུབ་པའི་རེ་བ་ཞིག་ཡོད་རེད་མ་གཏོགས། ད་ལྟའི་འགོ་ཁྲིད་ཁེངས་དྲེགས་བྱེད་མཁན་ཚོ་མུ་མཐུད་བསྡད་པ་ཡིན་ན་ཁག་པོ་ཞེ་དྲག་རེད། ཡིན་ཡང་ང་ཚོས་ཆབ་སྲིད་ཀྱི་འགྱུར་བ་འགྲོ་བར་རེ་བ་ཤུགས་ཆེན་པོ་ཞེ་དྲག་རྒྱག་གི་ཡོད་པ་རེད།
བློ་བཟང་སེང་གེས། བཙན་བྱོལ་གྱི་གནས་སྟངས་དེ་རྒྱ་ནག་གིས་ཧ་གོ་ཡི་ཡོད་རེད། ང་ཚོས་རྒྱ་ནག་གི་གནས་སྟངས་ཧ་གོ་ཡི་ཡོད་མ་རེད་ཟེར་བའི་དྲི་བ་དེ་ལ་ཏོག་ཙམ་མོས་མཐུན་མེད། དེ་ཝང་ལི་ཞུང་གིས་གསལ་པོ་བཟོས་འདུག་བསམ་གྱི་འདུག ༧གོང་ས་མཆོག་གི་དབུ་ཁྲིད་འོག་ཏུ་བཙན་བྱོལ་བོད་གཞུང་གིས་འབད་བརྩོན་རིམ་པས་གནང་ཡོད་པ་དང་། ལྷག་བསམ་རྣམ་དག་དང་གང་ཐུབ་ཅི་ཐུབ་ཀྱིས་གནང་ཡོད་པ་གསལ་པོ་བྱུང་བ་རེད། རྒྱ་ནག་གཞུང་གི་ནང་དུ་བོད་དོན་བདེན་མཐའ་སེལ་རྒྱུར་ཐག་ཆོད་མེད་པ་གསལ་པོ་ཞེ་དྲག་བྱུང་བ་རེད། རྒྱལ་སྤྱི་དང་༧གོང་ས་མཆོག་གི་ཐོག་ནས་འབད་བརྩོན་ཧུར་ཐག་གནང་བ་དང་། གང་ཐུབ་ཅི་ཐུབ་གནང་བ་རེད་དེ། རྒྱ་ནག་གཞུང་གིས་གནང་འདོད་མེད་པ་གསལ་པོ་རེད། ཧུའུ་ཅིང་ཐའོ་སྐབས་སུ་མ་འཇོན་དུས་ད་ག་རེ་ཆགས་ཀྱི་རེད་ཅེས་ལབ་ན། ༢༠༡༢ ལོར་རྒྱ་ནག་གི་འགོ་ཁྲིད་བརྗེ་པོ་རྒྱག་གི་ཡོད་རེད། ཧུའུ་ཅིང་ཐའོ་དང་ཝིན་ཅཱ་པའོ་བུད་འགྲོ་ཡི་རེད། ལིའི་ཁེ་ཆང་དང་ཞིའི་ཅིན་ཕེང་གཉིས་ཕེབས་ཡོང་གི་ཡོད་རེད། ཁོ་རང་གཉིས་ཕེབས་ཡོང་ན་སྲིད་བྱུས་འགྱུར་བ་འགྲོ་ཡི་རེད་དམ་མ་རེད། རྒྱ་ནག་གཞུང་གི་སྲིད་བྱུས་འགྲོ་སྟངས་ཡིན་ན་ཡང་ལིའི་ཁེ་ཆཱང་དང་ཞིའི་ཅིན་ཕེང་གཉིས་ཀྱིས་ལམ་སང་འགྱུར་བ་གཏོང་རྒྱུ་ཡོང་གི་མ་རེད། རྒྱ་ནག་གི་གཞི་རིམ་གྱི་ལྟ་བ་དེ་བོད་ཀྱི་གནས་ཚུལ་སེལ་དང་མ་སེལ་ཐག་གཅོད་མ་བྱས་བར་དུ་ང་ཚོས་མ་རྟོགས་པ་དང་འབད་བརྩོན་མ་བྱས་པ་རྩ་བ་ནས་མ་རེད་ཅེས་ཞུ་རྒྱུ་ཡིན།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། དེའི་ཐོག་ལ་བསམ་ཚུལ་ཕྲན་བུ་མི་འདྲ་བ་ཞིག་ཞུ་རྒྱུ་འདུག རྒྱ་མིའི་མི་མང་ཕལ་ཆེ་བས་བོད་པའི་གནས་ཚུལ་ཤེས་ཀྱི་མེད་པ་དངོས་འབྲེལ་རེད། ཡིན་ན་ཡང་རྒྱ་མིའི་དཔོན་རིགས་དང་ཆབ་སྲིད་ཀྱི་ལས་འགན་ཁུར་མཁན་ཚོས་བོད་པའི་གནས་ཚུལ་མ་ཤེས་པ་རྩ་བ་ཉིད་ནས་མ་རེད་བསམ་གྱི་འདུག གཞུང་གི་ལས་བྱེད་ཡིན་ན་འདྲ། མཁས་པ་ཡིན་ན་འདྲ། སོ་པ་ཡིན་ན་འདྲ། དམག་དོན་ལས་ཁུངས་ཡིན་ན་འདྲ། བོད་ནང་གི་གནས་ཚུལ་ཞིབ་ཕྲ་ཤེས་ཀྱི་རེད། བོད་པས་རྣམ་འགྱུར་ག་རེ་སྟོན་གྱི་ཡོད་པ་དེ་ཤེས་ཀྱི་ཡོད་རེད་བསམ་གྱི་འདུག དེ་འདྲ་ཡིན་སྟབས་ར་སྤྲོད་ཡག་པོ་ཡོང་བའི་ཆེད་དུ་ང་ཚོ་བོད་པའི་བདེན་པའི་རྩོད་གཞི་དེ་གསལ་དུ་གཏོང་དགོས་པ་རེད་བསམ་གྱི་འདུག རྒྱ་མིས་བོད་ལ་བཙན་འཛུལ་བྱས་པ། བོད་ལ་གདུག་རྩུབ་བྱས་པ། དགོན་སྡེ་གཏོར་བཤིག་བཏང་བ། བོད་མི་མང་ད་ལྟ་ཡིན་ཡང་ཡར་རྒྱས་ཕྱིན་མེད་པ། འཛུགས་སྐྲུན་ཟེར་བ་དེ་ཚོ་རྒྱ་རིགས་ལ་ཕན་གྱི་ཡོད་པ། ཁོ་རང་ཚོའི་དྲིལ་བསྒྲགས་ལ་ཕན་གྱི་ཡོད་པ་དེའི་བདེན་པ་ར་སྤྲོད་ཀྱི་ནུས་པ་ཆེ་རུ་བཏང་བ་ཡིན་ན། ཅིག་བྱས་ན་ངོས་ལེན་བྱེད་པའི་རྐྱེན་ཞིག་བཟོ་ཐུབ་ཀྱི་རེད་བསམ་གྱི་འདུག
རྒྱ་རི་སྒྲོལ་མས། ལོ་སུམ་ཅུ་ཙམ་གྱི་སྔོན་ལ་བོད་ནང་དུ་ང་ཚོའི་ཕ་མ་སྤུན་མཆེད་བོད་ནང་དུ་ལྷག་ཡོད་མེད། དཔེར་ན། ༡༩༥༩ ནས་༡༩༨༠ ཙམ་གྱི་བར་དུ་ཧ་མི་གོ་བའི་གནས་སྟངས་དེ་འདྲ་ཆགས་ཡོད་རེད། ཆབ་སྲིད་ཀྱི་གནས་སྟངས་ཕར་ཞོག་སྒེར་གྱི་སྤུན་མཆེད་དེ་འདྲ་ཡོད་ཀྱང་དེ་ཚོ་ཤི་ཡོད་དམ་ལྷག་ཡོད། ཕ་གི་ནས་བྲོས་བྱོལ་དུ་འགྲོ་མཁན་རྣམས་རྒྱ་གར་ལ་སླེབས་ཐུབ་ཡོད་མེད་ཧ་མི་གོ་བའི་གནས་སྟངས་ཤིག་བྱུང་བསྡད་པ་རེད། དེ་ནས་ཡང་འགྱུར་བ་ཞིག་བྱུང་ནས་ལྷག་མཁན་ལྷག་འདུག་ཟེར་ནས་ར་འཕྲོད་པའི་དུས་ཚོད་ཅིག་དང་། ལྷག་པར་དུ་དྷ་ར་ས་ལའི་ངོས་ནས་ལ་ོབཅུའི་སྔོན་དུ་པེ་ཅིང་སྐོར་ག་ཚོད་ཤེས་ཀྱི་ཡོད་པ་དེ་ལས་དེ་རིང་མང་བ་ཤེས་ཀྱི་ཡོད་རེད་ཅེས་ཞུ་ཐུབ་ཀྱི་རེད་བསམ་གྱི་འདུག དེ་བཞིན་རྒྱ་ནག་གཞུང་གིས་ང་ཚོ་ཤེས་ཀྱི་ཡོད་རེད་གསུངས་པ་དེ་བདེན་པ་རེད། ཡིན་ན་ཡང་རྒྱ་ནག་མི་མང་གིས་དངོས་ཡོད་གནས་ཚུལ་ཤེས་ཀྱི་ཡོད་མ་རེད་ཅེས་མཐའ་གཅིག་ཏུ་ཞུ་ཐུབ་ཀྱི་འདུག གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་ལ་ཁོ་རང་ཚོས་བསླབ་དགོས་པ་དང་། ཁོ་རང་ཚོས་བཤད་ན་འགྲིག་གི་འདུག་བསམ་པ་དེ་ཚོ་མ་གཏོགས་དངོས་འབྲེལ་གནས་ཚུལ་དེ་རྒྱ་ནག་གིས་ཤེས་ཀྱི་ཡོད་མ་རེད། དྲི་བ་དེ་གནད་འགག་ཆེན་པོ་ཞིག་རེད། ང་ཚོས་རྒྱ་ནག་ལ་ག་རེ་ལབ་རུང་མ་ལབ་རུང། ང་ཚོ་རྩོད་པ་ཐུག་ས་དེ་རྒྱ་གཞུང་ཆགས་བསྡད་ཡོད་རེད། ཁོའི་ནུས་པ་དང་ཁོའི་བྱེད་སྟངས། ཁོའི་ལས་སྟངས་དེ་ཚོ་ང་ཚོས་གང་མང་མང་ཤེས་ཐུབ་དགོས་ཀྱི་རེད། ཤེས་ཐུབ་དགོས་པ་ནང་བཞིན་ང་ཚོས་ཤེས་ཀྱི་ཡོད་རེད་ད་ལྟ་ངས་ཞུ་ཐུབ་ས་མ་རེད།
དྲི་བ། དེ་སྔ་ང་རང་ཚོས་བྱེད་མ་ནུས་པའི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་ནས་མངོན་གསལ་མ་ཡིན་པའི་དམིགས་བསལ་གྱིས་རྒྱ་ནག་ལ་ནུས་པ་ཐོན་པ་ག་རེ་བྱེད་རྒྱུ་ཡོད་རེད་ཅེས་བློ་བཟང་སེང་གེ་ལ་དྲིས་པར།
བློ་བཟང་སེང་གེས། བཙན་བྱོལ་དུ་ཡོད་པའི་ཞི་བའི་ལམ་ནས་རྩ་དོན་རྩོད་མཁན་སུ་ཡིན་ན་ཡང་གོ་སྐབས་འཇུ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། སྐབས་དང་དུས་ཤར་བའི་སྐབས་སུ་གོ་སྐབས་འཇུ་ཐུབ་དགོས་ཀྱི་ཡོད་རེད། སྐབས་དང་དུས་ཤར་བའི་སྐབས་སུ་གོ་སྐབས་འཇུ་མ་ཐུབ་པ་ཡིན་ན། ཕམ་རྒྱུ་མ་གཏོགས་ཡོད་མ་རེད། སྔོན་མ་ཐེ་ཝན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་མུ་མཐུད་ནས་བསྡད་ཆོག་པའི་ཐོབ་ཐང་ཡོད་རེད་དེ། ཅཱང་ཅེ་ཧྲི་སྐུ་རླུང་བཞེངས་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ཚོགས་ཆེན་གྱི་སྒོ་ནས་དོན་པ་རེད། དེང་སང་ཐེ་ཝན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་བྱེད་བཅུག་རོགས་གྱིས་ཞེས་འབད་བརྩོན་བྱེད་བཞིན་པ་ཞིག་ཆགས་བསྡད་ཡོད་རེད། དེ་བཞིན་བོད་པ་ལ་ཡིན་ན་ཡང་སྐབས་དང་དུས་ཤར་གྱི་རེད། མཉམ་འབྲེལ་རྒྱལ་ཚོགས་དང་པོ་འགོ་བཙུགས་ཡོང་དུས་ལུང་པ་༥༥ ལས་ཡོད་མ་རེད། ད་ལྟ་ལུང་པ་༡༩༣ ཡོད་རེད། དེ་འདྲ་ཡིན་དུས་ལུང་པ་༡༢༣ འཕར་མ་སླེབས་ཡོད་རེད། དེ་ག་འདྲ་བྱས་ན་སླེབས་པ་རེད་ཅེས་ལབ་ན། རྒྱལ་སྤྱིའི་ཁོར་ཡུག་སྲུང་ནས་སྐབས་དང་དུས་འཇུ་ཐུབ་པ་རེད། ད་ལྟ་རྒྱལ་སྤྱིའི་ནང་དུ་གཞི་རྩའི་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་སྐབས་དང་དུས་ཤར་བ་ནང་བཞིན་རྒྱལ་སྤྱིའི་ཁྲིམས་ལ་གྲོས་ཆོད་གསུམ་བཞག་ཐུབ་ཡོད་རེད། ༡༩༥༩ དང་༡༩༦༡ ༡༩༦༥ ལོ་རེད། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཅེས་པ་དེ་རེད། དེང་དུས་ཁོར་ཡུག་གི་ཐོག་ནས་བགྲོ་གླེང་ཤུགས་ཆེན་པོ་ཞེ་དྲག་ཡོང་གི་ཡོད་རེད། རྒྱལ་སྤྱིའི་ཁོར་ཡུག་གི་ཁྲིམས་ཀྱི་ཐོག་ནས་དེའི་ནང་དུ་ང་ཚོ་འཛུལ་ཞུགས་བྱེད་རྒྱུ་དང། མི་རིགས་རྙིང་པ་ཟེར་དགོས་མེད་འགྲོ། དེའི་ཐོག་མཉམ་འབྲེལ་རྒྱལ་ཆོགས་ཀྱི་བཅའ་ཁྲིམས་གཏན་འབེབ་བྱས་པ་ཞིག་ཡོད་རེད། དེའི་ནང་དུ་འཛུལ་ཞུགས་ནས་གོ་སྐབས་འཛིན་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་དབང། སྤྱི་ཚོགས་བཅས་དེ་དག་རིམ་པས་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་འགྱུར་ལྡོག་དང་གོ་སྐབས་མང་པོ་ཡོད་དུས། དེ་དག་ཆ་ཚང་ལ་འཛུལ་ཞུགས་བྱས་ནས་སྐབས་དང་དུས་ཀྱི་སྒོ་ཕྱེ་ཡོང་དུས་ང་ཚོས་རང་དབང་བསྐྱར་གསོ་བྱེད་ཐུབ་ཀྱི་རེད་ཅེས་ཞུ་རྒྱུ་ཡིན་ཞེས་སོགས་དྲི་བ་དྲིས་ལན་ལྷུག་པོ་བྱུང་སོང།།
{jcomments on}