གཟའ་ཉི་མར་ཆོས་བརྒྱུད་སྤྱི་འཐུས་སྐོར་དྲ་ཐོག་བགྲོ་གླེང་།
དེ་ཡང་བོད་ཀྱི་བང་ཆེན་གྱི་ཟིན་བྲིས་པ་ལྕོག་རི་ཕུར་བུའི་ཟིན་བྲིས་སུ་བོད་ཀྱི་གནས་བབ་ལ་ལྟོས་ཏེ་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གླེང་བ་དང་། འབའ་པ་སྐལ་བཟང་འཕྲིན་ལས་ཀྱི་ཟིན་བྲིས་སུ་བརྗོད་གཞི་ཆོས་བརྒྱུད་སྤྱི་འཐུས་ཀྱིི་གནས་བབ་དང་འགན་འཁྲི་ཡི་ཁ་ཕྱོགས་གླེང་བ། འབའ་པ་འཆི་མེད་ཀྱི་ཟིན་བྲིས་སུ་ཁྱོད་ཀྱིས་འདེམས་པའི་ཆོས་བརྒྱུད་སྤྱི་འཐུས་སུ་ཡིན་ནམ་ཞེས་པའི་བརྗོད་གཞི་ཁག་གི་ཐོག་ཏུ་དུས་ཡུན་ཆུ་ཚོད་༡༡ མ་ཟིན་ཙམ་གྱི་རིང་བགྲོ་གླེང་གནང་ཡོད་པ་དང་། དགོང་མོ་ཆུ་ཚོད་བརྒྱད་པའི་ཐོག་བགྲོ་གླེང་གི་གྲུབ་འབྲས་ཕྱོགས་བསྡོམས་ཀྱིས་ཕྱིར་བསྒྲགས་གནང་ཡོད་པ་རེད།
དང་པོ་བོད་ཀྱིི་གནས་བབ་ལྟོས་ནས་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག བགྲོ་གླེང་གནང་མཁན་ཕལ་ཆེ་བས་ཆོས་བརྒྱུད་ཁག་གི་དགོན་པ་གྲྭ་ཚང་རྣམས་དང་བོད་གཞུང་གི་འབྲེལ་ལམ་དང་། བོད་གཞིས་བྱེས་གཉིས་དང་ཆོས་བརྒྱུད་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་ཡོང་སླད་སོགས་རྒྱུ་མཚན་དང་གནས་ལུགས་མི་འདྲ་བ་མང་པོ་བགྲང་ནས་ཆོས་བརྒྱུད་སྤྱི་འཐུས་ངེས་པར་དུ་དགོས་པའི་ལྟ་ཚུལ་བརྗོད་འདུག
གཉིས་པ་བརྗོད་གཞི་ཆོས་བརྒྱུད་འཐུས་ཀྱི་འགན་འཁྲི་གང་ཡིན་ཞེས་པའི་བརྗོད་གཞིའི་ཐོག ༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་དང་། བོད་པའི་རྩད་དོན་སྒྲུབ་པའི་ཆོད་སེམས་ཡོད་པ་སོགས་དགོས་པ་གང་ཞིག་ལ། དམིགས་བསལ་རང་རང་གི་ཆོས་བརྒྱུད་ཀྱི་ཚབ་མཚོན་ཐུབ་མཁན་དང་། ཆོས་བརྒྱུད་བར་འཛའ་མཐུན་དང་འབྲེལ་ལམ་འཛུགས་པ་སོགས་དང་། ལྷག་པར་དུ་བགྲོ་གླེང་བ་ཚང་མས་ཁ་གཅིག་གྲགས་ལྟ་བུར་ཆོས་བརྒྱུད་སྤྱི་འཐུས་ཡིན་ཕྱིན་ཆོས་ལུགས་ཀྱི་ལྟ་གྲུབ་ཤེས་མཁན་ཞིག་དགོས་ལུགས་དང་། དེ་ཡང་རབ་བྱུང་ཞིག་བྱུང་ན་ཡག་ལུགས་གསུངས་སོང་།
གསུམ་པ་ཁྱེད་ཀྱི་འདེམས་པའི་སྤྱི་འཐུས་སུ་ཡིན་ནམ་ཞེས་པའི་ཐོག བགྲོ་གླེང་གོ་སྒྲིག་པ་གསུམ་གྱིས་བགྲོ་གླེང་གི་མཇུག་བསྡོམས་གནང་བའི་ནང་བགྲོ་གླེང་པ་ཚོས་རང་རང་གིས་བདམས་པའི་འོས་མི་རྣམས་འོས་གྲངས་གཤེར་གྱིས་རྩེ་གཏོགས་གཉིས་རེ་བཀོད་འདུག་ལ། དྲང་ཚུགས་ཡོང་པའི་སླད་དུ་གོ་སྒྲིག་པ་རྣམས་ཀྱི་ངོས་ནས་མི་འོས་མི་གཅིག་ཀྱང་བཏོན་མེད་ཅེས་འཁོད་འདུག བགྲོ་གླེང་དེའི་སྐབས་བདམས་པའི་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་གཞི། བོན་པོ། དགེ་བཤེས་སྨོན་ལམ་མཐར་ཕྱིན། དགེ་བཤེས་བཤད་སྒྲུབ་རྒྱ་མཚོ། རྙིང་མ། སློབ་དཔོན་བསོད་ནམས་བསྟན་འཕེལ། སློབ་དཔོན་འཆམ་ར་དྲི་མེད་རྒྱལ་མཚན། ས་སྐྱ། མཁས་དབང་བྱམས་པ་བློ་གསལ། ས་སྐྱ་མ་དགོན་སྐྱོར་དཔོན་ཐུབ་བསྟན་རྒྱལ་མཚན། བཀའ་བརྒྱུད། བསོད་ནམས་དགྲ་འདུལ། བསྟན་པ་ཡར་འཕེལ། དགེ་ལུགས། དགེ་བཤེས་ཐུབ་བསྟན་འཕེལ་རྒྱས། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ། བཅས་ཡིན་ཚུལ་བགྲོ་གླེང་གི་མཇུག་བསྡོམས་སུ་བཀོད་པ་བཞིན་འདིར་སྙིང་བསྡུས་བྱས་ནས་བཀོད་པ་ཡིན།།
{jcomments on}