རྒྱལ་སྤྱིའི་དམངས་གཙོ་དང་། མི་གཅིག་འོས་གཅིག།
ངོ་མ་འཆི་མེད་ལགས་ཀྱིས་གླེང་གཞི་ཡག་པོ་ཞིག་བསླངས་འདུག ཐུགས་རྗེ་ཆེ།
དོན་འདིས་དྲན་སོས་ནས་ངས་ཀྱང་ཁྱེད་ཅག་ལ་གླེང་གཞི་ཞིག་འབུལ་འདོད།
ཉེ་ཆར་ང་དང་ངའི་ལས་རོགས་ཤེས་ཡོན་ཅན་ཁ་ཤས་མཉམ་ལྷན་དུ་སློབ་ཁྲིད་བར་གསེང་ཞིག་ཏུ་སྤྱི་འཐུས་སྐོར་ལ་སྐད་ཆ་བཤད་པས། ལས་རོགས་ཁ་ཤས་ཀྱིས་རང་རེ་བཙན་བྱོལ་བོད་གཞུང་གིས་ཆོས་ལུགས་སྤྱི་འཐུས་བཞག་པ་དེ་རྒྱལ་སྤྱི་དམངས་གཙོའི་རྩ་ཁྲིམས་དང་འགལ་གྱི་རེད་གསུངས་ཀྱི་འདུག འགལ་གྱི་འདུག་ཟེར་བ་དེ་རྒྱལ་སྤྱི་ཐོག་༼མི་གཅིག་འོས་གཅིག་༽ཟེར་བའི་རླུང་ལྟར་གྲགས་པའི་ཚིག་དེ་དང་འགལ་བ་རེད་ཟེར། ངས་ཆོས་ལུགས་ཀྱི་སྤྱི་འཐུས་ནི་བོད་མི་རིགས་ལ་མཚོན་ན་ཁ་ཚ་དགོས་གཏུགས་ཡིན་ཞེས་རྒྱུ་མཚན་མང་པོ་བཤད་ཀྱང་། ཁོ་ཚོས་རྩ་བའི་དམ་བཅའ་དེ་མི་གཅིག་འོས་གཅིག་ཟེར་བ་དེ་རེད། མི་གཅིག་འོས་གཅིག་ནི་རྒྱལ་སྤྱིའི་དམངས་གཙོ་རྩ་ཁྲིམས་སུ་གཏན་ལ་ཕབ་པ་ཞིག་རེད། ཁྱོད་ཚོ་གྲྭ་པས་འོས་གཉིས་བླུག་ཆོག་པའི་རྒྱུ་མཚན་གང་ཡང་མེད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཁོངས་གང་རུང་དུ་འཛུལ་དགོས། ཡང་ན་ཆོས་ལུགས་སྤྱི་འཐུས་དེ་མི་དགོས་པ་བཟོ་དགོས། རྒྱལ་སྤྱིའི་ཐོག་དམངས་གཙོ་རྒྱལ་ཁབ་ཆེ་ཤོས་རྒྱ་གར་དང་ཨ་རི་སོགས་རྒྱལ་ཁབ་སུ་གང་གི་ཆོས་ལུགས་སྤྱི་འཐུས་མེད་ལ། ད་དུང་ ཕྱོགས་གཉིས་སུ་འོས་བླུག་མཁན་དེ་བས་ཀྱང་མེད་ཅེས་གསུང་གི་འདུག གལ་ཏེ་ཆོས་ལུགས་སྤྱི་འཐུས་དགོས་ན་དམངས་གཙོ་རྩ་ཁྲིམས་ལྟར་ཁ་ཆེ་ཡེ་ཤུ་སོགས་ཧོར་བུ་ཡེ་ཤེས་ཀྱིས་གསུངས་པ་ལྟར་ཆོས་ལུགས་ཚང་མར་སྤྱི་འཐུས་དགོས་ཀྱི་ཡོད་ཅེས་བཤད། འོན་ཀྱང་ཕྱོགས་གཉིས་སུ་འོས་བླུག་རྒྱུ་ཐོབ་ཐང་མེད་ཟེར་བ་སོགས་གནས་ལུགས་ཡོད་པའི་སྐད་ཆ་མང་པོ་ཐོན་ཡོང་གི་འདུག ང་ཚོའི་དམངས་གཙོའི་རྩ་ཁྲིམས་ནང་ཆོས་བརྒྱུད་ཁག་ལ་འོས་གཉིས་བླུག་ཆོག་པའི་དམིགས་བསལ་ཐོབ་ཐང་གནང་ཡོད་པ་རེད། གནད་དོན་དེ་རྒྱལ་སྤྱིའི་དམངས་གཙོའི་རྩ་ཁྲིམས་སུ་མི་གཅིག་འོས་གཅིག་ཟེར་བ་དང་མི་འགལ་ཚུལ་ཇི་ལྟར་ཡིན་ནམ་ལགས།
ད་དུང་རྒྱ་གར་གཞུང་ལྟར་ཆོས་ལུགས་ལ་སྲུང་སྐྱོབས་དང་གུས་ཞབས་ཡོད་པ་ལས་ཆོས་ལུགས་ཀྱི་སྤྱི་འཐུས་མེད་ལ། དེ་བཞིན་ང་ཚོས་ཀྱང་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པའམ་ཡང་ན་འོས་གཉིས་བླུག་པའི་ཐོབ་ཐང་མེད་པ་བཟོས་ན་མ་གཏོགས་ང་ཚོའི་རྒྱལ་ཁབ་ནི་དམངས་གཙོ་ཡང་དག་པ་ཞིག་ཏུ་རྒྱལ་སྤྱིའི་ཐོག་བརྩིས་མི་སྲིད་ཅེས་སོགས་བཀའ་མོལ་ཤིན་ཏུ་མང་པོ་བྱུང་ཤེས་ལྡན་དྲ་གྲོགས་ཚོ་སྐབས་དེར་ང་ནི་མི་གཅིག་སོང་ཙང་མི་སྨྲ་བའི་བརྟུལ་ཞུགས་དུང་དུ་བླངས་པ་ལས་བྱ་ཐབས་བྲལ། བཤད་པ་ལས་མ་བཤད་ན་དགོས་པ་ཆེ་བར་མཐོང་ནས་ཅིང་མི་སྨྲ་བར་བསམ་བློ་མང་པ་བཏང་ཡང་ཆབ་སྲིད་ཀྱི་གོ་རྟོགས་དམན་ཕྱིར་ངེས་ཤེས་གང་ཡང་མ་རྙེད་པར་རིགས་མཐུན་དྲ་གྲོགས་ཚོའི་སྤྱན་ལམ་དུ་དཔྱད་གཞིར་མི་འབུལ་ཐབས་མེད་བྱུང་བ་ལགས་སོ།།
བགྲོ་གླེང་ལྷུག་པོར་ཡོང་བའི་རེ་བ་དང་བཅས་འདུ་ཤེས་གསུམ་པ་རྟའུ་ཆོས་མཛད་ཀྱིས།