འཆར་ཡན་ལྷ་སྒྲུང་གི་རང་གཤིས།
སྙན་དངགས་སྟུག་པོའི་གྲོང་ཁྱེར་མྱུརཚེ་དབྱངས་ཅན་ལྷ་མོས་རྗེས་འཛིན་ཡང་།།
འཛམ་གླིང་འདོད་རྒུད་ཆར་དུ་བསྙིལ་བའི་ནོར་རྒྱུན་ལྷ་མོས་བོར་བའི་རབས།།
སྔོན་ཆད་བདག་ནི་བདེན་པར་སྙམ་སྟེ་སྙན་དངགས་མ་བྲིས་རབ་ཏུ་འགྱོད།།
ད་ནི་མི་བདེན་ངེས་ཤེས་རྙེད་ནས་སྙན་དངགས་འབྲི་ལ་ཀུན་ཏུ་བྲེལ།།
ལོ་རྒྱུས་འདི་ནི་རྒྱ་གར་མཁས་པའི་རིག་བྱེད་གཏམ་རྒྱུད་གཞུང་དུ་ཕྱུང་།།
བོད་ཀྱིས་མཁས་པའི་བཤད་རྒྱུན་མ་ཆད་གངས་ཅན་རིག་པའི་གླིང་དུ་དར།།
ཞིབ་ཏུ་བརྟགས་ཚེ་ཚད་མའི་སྐྱེས་བུ་སྟོན་མཆོག་མཉམ་མེད་མ་གསུངས་ཕྱིར།།
ཁོ་བོའི་བློར་ཡང་རྟོག་འགྱུ་ཞིག་གིས་མི་འགྱུར་སེམས་ལ་ངེས་ཤེས་རྙེད།།
དབྱངས་ཅན་བསྙེན་པས་ནོར་རྒྱུན་ཁྲོ་བས་སྔོན་གྱི་ལོ་རྒྱུས་བྱུང་རབས་འདི།།
མ་བརྟགས་གཏམ་གྱིས་རྟོག་འཆར་ཡིན་གྱིས་མི་མངོན་ཆོས་ཀྱི་དབྱིངས་སུ་ཞོགས།།
སྙན་དངགས་གཞུང་ལ་ཕྱི་ནང་མཁས་པས་དཔྱད་བརྗོད་ཕྲེང་བ་རབ་མང་ཡང་།།
འདི་ལྟར་གདམས་པ་ཁོ་བོས་མ་གཏོགས་གངས་ལྗོངས་ཡུལ་དུ་བྱུང་མྱོང་མེད།།
སྔོན་སོང་སྔོན་རབས་རྒྱ་གར་རིག་བྱེད་བོད་ཀྱི་གཙུག་ལག་གྲོགས་སུ་གྱུར།།
རྟོག་པ་འཆར་ཡན་གཏམ་རྒྱུད་རྩོམ་མཁས་འཕགས་ཡུལ་པཎ་གྲུབ་མཁས་རྣམས་ཀྱིས།།
དངོས་པོའི་གནས་ཚོད་ཇི་བཞིན་བཤད་པའི་རང་བཞིན་བརྗོད་པའི་རྒྱན་མིན་ལ།།
སྙན་དངགས་མཁས་པས་བརྗོད་བྱར་བཟུང་ནས་སྙན་འཇེབ་ཚིག་ཕྲེང་སྤེལ་བ་ཙམ།།
འཛམ་གླིང་སྒྲུང་རིང་གེ་སར་རྟོགས་བརྗོད་གངས་ཅན་ཡུལ་དུ་གྲགས་ཆེ་ཡང་།།
དེང་རབས་མཁས་པས་དཔྱད་བརྗོད་གྲུབ་ཆར་ལྷ་སྒྲུང་བཤད་པ་ཉིད་དུ་འཁུམས།།
སོ་སོར་རྟོགས་པའི་ཤེས་རབ་རྩལ་གྱིས་སྒྲོ་འདོགས་བཞག་པ་དངོས་དོན་ཡིན།།
མཁར་ཤུལ་གོས་མཚོན་ས་འོག་རྙེད་པ་གེ་སར་བྱོན་པའི་བདེན་རྟགས་སོ།།
མངོན་པར་བཤད་པའི་རི་རྒྱལ་རི་ཡང་ཐམས་ཅད་མཁྱེན་པས་དངོས་མིན་གསུངས།།
མ་རིག་མུན་པ་སེལ་བའི་སྒྲོན་མེ་༸གོང་ས་སྐྱབས་མགོན་ཚད་མའི་གསུང་།།
དགག་བྱ་དགོས་པ་དབེན་པའི་གཟུ་ལུམ་རྒྱལ་བའི་གསུང་ལ་གཞི་མ་གྲུབ།།
ཁོ་བོ་ཕྱིར་མི་ལྡོག་པའི་དད་པས་རྒྱལ་བའི་གསུང་ལ་ལན་བརྒྱར་བསྔགས།།
མཁའ་མཉམ་མཆོག་སྤྲུལ་ཞབས་ཀྱི་དྲུང་དུ་དགེ་ཚུལ་སྡོམ་པ་མནོས་ཤིང་བླངས།།
དགེ་བཤེས་ཆེན་མོ་བློ་སྐལ་ཞབས་སུ་ཚད་མ་དབུ་ཕར་ཡུན་དུ་སྦྱངས།།
དབུ་ཟུར་ཆེན་མོ་རྡོ་དབང་ཞབས་ལ་བཅའ་འབུད་རྡུང་སོགས་རྒྱུགས་སུ་ཕུལ།།
འཕགས་ཡུལ་སླེབས་ནས་༸རྒྱལ་བའི་ཞལ་མཇལ་དགེ་སློང་དངོས་པོ་ཡོངས་སུ་མནོས།།
ཉ་མཚོ་དགོན་དང་བློ་གསལ་གླིང་དུ་གཞུང་ཆེན་ཁག་ལ་ཐོས་བསམ་བྱས།།
ཁྲི་ཆེན་བརྒྱ་པ་ཏྲེ་ཧོར་མཁན་ཟུར་ཡོངས་ཀྱི་བཤེས་གཉེན་དཔལ་གྲགས་དང་།།
ཉན་ཤུལ་མཁྱེན་འོད་འཇམ་གྲགས་ལ་སོགས་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན།།
མིག་མི་འཛུམ་གྱིས་མི་ཡི་རྣམ་རོལ་༸གོང་ས་རྒྱལ་བའི་ཞབས་དྲུང་དུ།།
དུས་འཁོར་དབང་ཆེན་ཐེངས་གསུམ་ཞུས་ཤིང་གཞུང་ཆེན་ཁག་གི་བཤད་ཁྲིད་ཐོབ།།
བདེ་ལྡན་ཞིང་གི་འོད་དཔག་མེད་མགོན་པཎ་ཆེན་སྣང་བ་མཐའ་ཡས་ཞབས།།
འཇིགས་བྱེད་ལྷ་ཆེན་བཅུ་གསུམ་དབང་དང་གསུང་རབ་ཁག་གི་ལུང་མང་ཐོབ།།
སྐྱི་ལུ་བླ་མའི་ཞབས་ཀྱི་དྲུང་དུ་མུ་ཊཱི་བརྒྱ་རྩའི་དབང་ཆེན་དང་།།
དུས་འཁོར་བཀའ་དབང་ལན་གཅིག་ཐོབ་ཅིང་གསུང་གི་བདུད་རྩི་ལན་མང་མྱངས།།
མི་ལ་གཉིས་པ་བྱ་བྲལ་ཆེན་པོ་སྤང་ནང་མཆོག་སྤྲུལ་རིན་པོ་ཆེས།།
འཇིགས་ཀུན་དབང་དང་ལམ་རིམ་ཆེ་འབྲིང་བསྐྱེད་རྫོགས་ལྗགས་ཁྲིད་སྤྱི་བོར་བསྩལ།།
བློ་གསལ་གླིང་དང་རྟ་འུ་ཉ་མཚོ་ས་སྐྱ་དགོན་དང་པད་མའི་ཚལ་།།
བཞུགས་སྒར་རྡ་སར་རྡ་ཤོད་བོད་ཁྱིམ་སིམ་ལ་གཏན་འཇགས་སློབ་གྲྭ་སོགས།།
བོད་ཀྱི་སྲོག་རྩ་སྐད་ཡིག་བསླབས་ནས་བགྲང་བྱ་ཧྲིལ་པོར་ཉི་ཤུ་འཁོར།།
རིགས་ཀྱི་ན་གཞོན་བརྒྱ་ཕྲག་དུ་མར་བཙན་པོའི་བཤུལ་ལམ་མཛུབ་མོས་སྟོན།།
དབྱངས་ཅན་མ་ཡིས་དངོས་གྲུབ་ཅིག་གིས་གཡས་འཁྱིལ་དུང་སྒྲ་མགུལ་བར་བརྒྱན།།
ཟུར་ཕུད་ལྔ་པའི་རྗེས་སུ་འཛིན་པས་གཙུག་ལག་རིག་པར་སྨྲ་སྒོ་ཡངས།།
འཕགས་ཡུལ་བྱང་ཕྱོགས་སིལ་ལ་སློབ་གྲྭར་རང་ཤག་དབེན་པའི་དགའ་ཚལ་དུ།།
སྒྱུ་རྩལ་སྙན་དངགས་འབུམ་གྱིས་བཟི་པའི་དབྱངས་ཅན་ཆོས་སྤྲིན་རྒྱ་མཚོས་བྲིས།།
སྤྱི་ལོ་༢༠༡༠ཟླ་༠༩ཚེས་༢༥ཉིན་དབྱིན་གཞུང་གི་དབྱར་ཁའི་རྒྱལ་ཁང་ཉེ་འགྲམ་རང་ཤག་ཞི་བདེའི་དགའ་ཚལ་དུ་བྲིས།
སྤྱི་ལོ་༢༠༡༠ཟླ་༠༩ཚེས་༢༥ཉིན་དབྱིན་གཞུང་གི་དབྱར་ཁའི་རྒྱལ་ཁང་ཉེ་འགྲམ་རང་ཤག་ཞི་བདེའི་དགའ་ཚལ་དུ་བྲིས།
སྤྱི་ལོ་༢༠༡༠ཟླ་༠༩ཚེས་༢༥ཉིན་དབྱིན་གཞུང་གི་དབྱར་ཁའི་རྒྱལ་ཁང་ཉེ་འགྲམ་རང་ཤག་ཞི་བདེའི་དགའ་ཚལ་དུ་བྲིས།