བརྩེ་དུང་གི་ཚེ་སྲོག
འོན་ཀྱང་ཆུང་འདྲིས་སྐྱིད་ལོ་ཡག་གིས་སྟོབས་ལྡན་ལ་བཅངས་པའི་བརྩེ་སེམས་མཚོན་བྱེད་གཉེན་སྒྲིག་བྱས་མེད་ལ། ད་དུང་སྟོབས་ལྡན་དང་ཟངས་མཚོ་གཉིས་ཀྱི་བར་ལ་ཕྲུ་གུ་མེད་པ་དེ། སྟོབས་ལྡན་གྱིས་རང་ལ་བཅངས་པའི་བརྩེ་སེམས་ཀྱི་མཚོན་བྱེད་ཡིན་པར་སེམས་ཡོད། ད་དུང་ཁོ་གཉིས་ལ་མཚོན་ན་དུས་ཚོད་ནི་ལྷད་མེད་པའི་གསེར་ལྗང་རྡུང་ཞིག་དང༌། རྒས་མི་རུང་བ་དར་མའི་ན་ཚོད་དེ་ཡིན་མོད། ལོ་ཟླ་འགའ་རེ་རྙིང་ཟད་སོང་པའི་ཉིན་ཞིག་སྟོབས་ལྡན་རི་འགོར་ལུག་འཚོ་བར་བསྐྱོད་དེ་དེའུ་འབུར་འགའ་ཞིག་གི་གཡས་ཟུར་དེར། རང་ལོ་འདི་བར་འདས་པའི་ལོ་ཟླ་དེ་དག་ལ་རྟོགས་ཞིབ་དང༌། ཆུང་འདྲིས་སྐྱིད་ལོ་ཡག་གི་སྐྱེ་གཟུགས། དེའི་བརྩེ་གདུང་ལྡན་པའི་སྨྲ་ངག་འཇམ་པོ་དེ་དག་ཡིད་ལ་འཁོར་གྱིན་དུང་བའི་མཆི་མ་འགའ་ས་རུ་ལྷུང་ནས་སྨྲ་མེད་ཏིང་འཛིན་གྱི་ངང་དུ་ལུས། ཅང་མ་འགོར་བར་རྣ་ལམ་དུ་གཡང་མོའི་འབའ་སྒྲ་དང༌། ལྷ་བྱ་གོང་མོ་སོགས་ཀྱིས་འགྱུར་ངག་འདྲ་མིན་དེ་དག་གིས་ཁོ་ལ་སེམས་གསོ་བྱེད་པའི་སྣང་སྟེར། རང་ཉིད་ཀྱང་དེས་འབྲས་བུ་དངོས་སུ་སྨིན་པ་ལྟར་དེ་མ་ཐག་གཉིད་དུ་ཡུར། ཚུར་ཤུགས་ཀྱི་བག་ཆགས་ལྕི་མོ་དེ་སུས་ཀྱང་ལྡོག་མ་ཐུབ་པར་སྐད་ཅིག་དེར་རྨི་ལམ་ཀྱི་ཞིང་ཁམས་སུ་མྱུར་སྟབས་ཀྱིས་འབྱོར་བ་དང༌། རང་གི་མདུན་ལམ་གསར་པ་འགོ་ཚུགས་པ་ནི། སྐྱིད་ལོ་ཡག་དང་མཉམ་དུ་བརྩེ་གདུང་གི་མིག་མདའ་དང་པོ་འཕེན་ས་ནས་འགོ་ཚུགས་བྱུང༌། རིམ་བཞིན་ཁོང་གཉིས་ཀྱི་བརྩེ་གདུང་དེ་ཕྱི་ཕྱོགས་སུ་དངོས་ཆ་ཆེ་རུ་ཕྱིན་པ་དང༌། གཅིག་གིས་གཅིག་ལ་བཅངས་པའི་བརྩེ་གདུང་ཟབ་མོ་དེ་ནི་གཡས་གཡོན་སྡེ་ཁག་དྲུག་ཙམ་ཀྱིས་ཤེས་རྟོགས་བྱུང་ཡོད་པ་དང༌། བྱིས་པ་ཚོས་ཀྱང་ཁོ་གཉིས་སྐོར་ལ་རྟག་ཏུ་གླེང་མོལ་བྱེད་དགོས་པའི་གནས་ཚུལ་ཞིག་ལྷག་ཡོད། དེ་ནས་སྡེ་བའི་ཁྱབ་ཚད་ལ་ཞིགས་པའི་གཉེན་སྟོན་བྱེད་དགོས་སྐོར་ཕ་མ་གཉིས་ལ་རེ་བ་སྟོན་པར། ཨ་ཕས་སེམས་སྡུག་གི་སྣང་བ་ཞིག་བསྟན་པ་ལས་བཟང་ངན་དང་ཡག་ཉེས་གང་ཡང་མ་བཤད། ཨ་མས་སྐྱིད་ལོ་ཡག་ཚང་འབྱོར་ཞན་པོ་ཡིན་སྟབས། ཡིད་འཐད་པོ་རྩ་ནས་མ་བྱུང༌། ཡིན་ནའང་མ་རངས་པའི་སེམས་ཀྱི་རྣམ་འགྱུར་དེ་ཕྱི་རུ་མ་མངོན་པར་བྱས་ཏེ་གད་མོ་ཞིག་དང་སྦྲགས་བཤད་དོན། རེད་་་་རེད་་་དེ་ག་རེད། འོན་ཀྱང་ད་ལྟ་ག་བྲེལ་བ་མི་འདུག་ལེ་བྱས་ན་བཟང༌། ད་ལྟ་ཁྱོད་གཉིས་ལོ་ནའང་ཆུང་ཆུང་རེད། མི་ཚེའི་འཚོ་བ་གཉམ་དུ་བསྐྱེལ་རྒྱུའི་ལས་དོན་དེ་ལས་སླ་མོ་ཞིག་གཏན་ནས་མ་རེད། བྱིས་པའི་སྣང་བ་དེས་རྗེས་སུ་ཅི་ཡོང་རྒྱུ་ཡོད་མེད་ང་ཚོའི་ད་ལྟ་ཚོད་དཔག་ཐིག་དཀའ་མོ་རེད་ཟེར། དོན་དུ་ཁོ་གཉིས་བར་གྱི་བརྩེ་གདུང་དེ་ཁ་བྲལ་གཏོང་ཐུབ་ན། རང་གི་བུ་སྟོབས་ལྡན་ལ་འབྱོར་ལྡན་ཅན་གྱི་མི་ཚང་ཞིག་གི་བུ་མོ་གནའ་མ་ལེན་ཐུབ་ན་བསམ་པ་དེ་རེད། ཡང་ཕྱོགས་གཞན་ནས་བསམ་ན། སྟོབས་ལྡན་ནི་རང་གི་ཤ་ཁྲག་ལས་ཆད་པའི་གཅེས་ཕྲུག་ཡིན་པས། ཁོའི་རེ་འདོད་དེ་བཙན་གྱིས་ལྡོག་མི་ནུས་པ་དང༌། ལྷག་པར་ཁོང་གཉིས་བར་གྱི་བརྩེ་གདུང་དེ་སུས་ཀྱང་ཁ་བྲལ་གཏོང་མི་ཐུབ་བསམ་པ་དང༌། མཐའ་དོན་དུ་བུ་མོ་སྐྱིད་ལོ་ཡག་གནའ་མར་མ་ལེན་དཀའ་མེད་ཆགས་རྒྱུ་རེད་བསམ་ནས་བུ་ལ་གཅེས་པས་ཁ་འཛུམ་ཞིག་དང༌། བུ་མོ་ལ་མ་དགའ་བས་སེམས་སྡུག་གི་ངང་དུ་བསྡད།
མུ་འགོད།