གང་དུ་སོང་ཡང་དཔྱ་དངུལ་ལག་དེབ་འཁྱེར་རྒྱུ་མ་བརྗེད།
དེའི་དམིགས་ཡུལ་འགྲུབ་པར་འོས་འཕེན་གྱི་ཆ་ཤས་བླང་རྒྱུ་ནི་སྔོད་དུ་འགྲོ་དགོས་པའི་ཆ་རྐྱེན་དང་པོ་དེ་རེད། དེ་ཡོང་བར་དཔྱ་དངུལ་ལག་དེབ་བམ་རང་བཙན་ལག་དེབ་ནི་མེད་དུ་མི་རུང་བ་ཡིན་པས། ལོ་ཚད་ལོངས་པ་དང་དེབ་སྐྱེལ་སོགས་འོས་འཕེན་གྱི་ཆ་རྐྱེན་ཚང་མཁན་ཚོས། འོས་བསྡུའི་དུས་དང་སླེབས་ལ་ཉེ་བའི་སྐབས་ས་ཕྱོགས་གང་ལ་སོང་རུང་དཔྱ་དངུལ་ལག་དེབ་འཁྱེར་རྒྱུ་མ་བརྗེད། ད་དུང་དངོས་གཞིའི་འོས་བསྡུའི་དུས་ཚོད་དེ་ལོ་སར་ཚར་མ་ཐག་ཡིན་པས། གཉེན་ཉེ་ཐུག་འཕྲད་ལ་འགྲོ་བ་དང་ཡང་ན་གསུང་ཆོས་ལ་འགྲོ་བ། དེ་མིན་ཆོས་ཕྱོགས་ཀྱི་མཛད་སྒོ་གལ་ཆེན་ལ་འཁེལ་བ་སོགས་མང་པོ་ཞིག་ཡོང་ངེས་ཡིན་པས། རང་ཁྱིམ་དང་བྲལ་ནས་ཟླ་གྲངས་འགའ་ཕྱིར་འགྲོ་དགོས་ཚེ་དཔྱ་དངུལ་ལག་དེབ་དེ། དངུལ་ཁུག་ལྟར་ལུས་དང་མཉམ་དུ་འབྲལ་མི་རུང། འདིའང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཆེད་དང། རང་ཉིད་གང་ལ་གདུང་བའི་མི་དེ་རང་ཉིད་ཀྱི་རེ་འདུན་བཞིན་ཡོང་ཐབས་ཀྱི་ཆེད་དུ་རེད།
དམིགས་སུ་བཀར་ནས་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་འགྲིམས་བཞིན་པའི་བོད་ཕྲུག་ཚོས། ལག་དེབ་ནང་ལ་བཞག་པ་དང་ཕ་མ་ལ་བཅོལ་བ་སོགས་བྱེད་ཀྱི་ཡོད་པས། མང་པོ་ཞིག་གིས་ངའི་ལག་དེབ་ནང་ལ་བཞག་ཡོད་ཟེར་ནས་འོས་མི་བླུགས་པའི་ལོ་རྒྱུས་མང་པོ་གོ་རྒྱུ་ཡོད་པས། ད་ཐེངས་འདིའི་ཐད་ལ་ཡིད་གཟབ་བྱེད་དགོས། གང་ཡིན་ཟེར་ན་མཐོ་རིམ་སློབ་མའི་ཁོངས་ནས་བཀའ་སྤྱི་གཉིས་ཀྱི་འོས་མི་ལ་སྔར་དང་མི་འདྲ་བ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས་ཡིན།