འཆམ་ར་བས་དབྱིན་མོ་ཞིག་ལ་དགོངས་དག་ཞུས་པ།

རླངས་འཁོར་ལམ་ལ་ཆས་པའི་རྗེས་ཙམ་ན། དབྱིན་ཇི་དེས་རྐུག་སྟེགས་ཤུགས་ཀྱིས་རྒྱབ་ལོག་ཏུ་ཕབ་བྱུང་། སྐབས་དེར་འཆམ་ར་བའི་པུས་མོ་ན་ཟུག་གིས་གཙེས་ཏེ། མོ་ལ་ཞུ་བ་འཐེན་དགོས་བྱུང་། འཆམ་ར་བས་དབྱིན་སྐད་ཐོག་ནས་ཁོ་མོ་ལ། སྐུ་མཁྱེན། ཁྱེད་ཀྱི་རྐུགས་སྟེགས་འདི་ཏོག་ཙམ་ཡར་འཐེན་རོགས་བྱའམ། ང་བསྡད་རྒྱུར་དཀའ་ངལ་འདུག་ཅེས་ཞུས་པ་ཡོད། མོས་ཀྱང་ལགས་སོ་གསུངས་ནས་དེ་ག་རང་རྐུག་སྟེགས་ཡར་འཐེན་སོང་བས་འཆམ་ར་བ་སྔོན་ མ་ལས་ལྷག་པར་ལྷོད་སྣང་ཤར་བ་ཞིག་གིས་སྡོད་རྒྱུར་བྱུང་།

དེ་ནས་ཏོག་ཙམ་རྗེས་དབྱིན་མོའི་མདུན་ངོས་ཀྱི་ཕོ་གསར་དེས་རྐུག་སྟེགས་རྒྱབ་ ལོག་ཏུ་ཕབ་འགོ་བཙུགས་སོང་། ལམ་སང་མོས་དེ་འདྲ་མ་བྱེད་མ་གཏོགས་ང་སྡད་ཁག་པོ་འདུག་ལབ་སོང་། འོན་ཀྱང་ཕོ་གསར་དེས། ང་ཉལ་དགོས་ཀྱི་ཡོད། འདི་འདྲ་མ་བྱས་ན་ཡོང་ཐབས་མི་འདུག་ལབ་སོང་། མོས་དེ་འདྲ་ཡོང་གི་མ་རེད། ངས་རྒྱབ་ངོས་ཀྱི་མི་ལ་བསམ་རྣོ་བཏང་ནས་རྐུག་སྟེགས་རྒྱབ་ངོས་ཕབ་མེད་ཅེས་བཤད་ སོང་། ཁོས་འདི་ང་རང་གི་རྐུགས་སྟེགས་རེད། བྱས་ཙམ་ང་རང་རང་དབང་རེད། ཅེས་སོགས་ཕན་ཚུན་རྩོད་པ་བརྒྱབ་ནས་ཉན་མ་སོང་།

དེ་ནས་མཚན་མོའི་ཆུ་ཚོད་བཅུ་བ་རེད་བྱུང་བས། རླངས་འཁོར་བཀག་སྟེ། ཁ་ལོ་བའི་ལག་གཡོག་གིས་དགོང་ལྟོའི་དུས་ཚོད་ཡིན་ཚང་མ་བབ་ཤོག་གསུངས་སོང་།  སྐབས་དེར་རླངས་འཁོར་ནང་གི་མི་ཚོགས་ཕྱིར་ཐོན་ཤུལ་དུ་འཆམ་ར་བ་ལྷོད་ལྷོད་བྱས་ ནས་ཡར་ལང་ཡིན། ཏག་ཏག་དེར་དབྱིན་ཇི་དེས་ང་ལ། ང་དཀའ་ལས་ཁག་པོ་བྱུང་སོང་། ང་ཚོ་ཡར་ཡོང་དུས་ཁོ་ལ་སྐད་ཆ་བཤད་རོགས་ཟེར། ད་དུང་མོས། ངས་རྐུག་སྟེགས་རྒྱབ་ལ་ཕབ་ཕོད་ཀྱི་མི་འདུག མི་གཞན་པ་ལའང་བསམ་བློ་གཏོང་དགོས་རེད་བ་ཟེར། སྐབས་དེར་ངས་ཁོ་མོར་དགོངས་དག་ཞུས་ཏེ་དེ་ལྟར་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན།

གང་ཡིན་ཟེར་ན། ངས་རྐུག་སྟེགས་ཡར་བཅག་རོགས་ལབ་དུས་མོས་བཟང་སྤྱོད་ཀྱིས་ཁས་བླངས་སོང་ཡང་། མོའི་མདུན་གྱི་བོད་པ་དེས་ངོས་ལེན་མ་བྱས་སྟབས་ངས་དགོངས་དག་ཞུས་པ་ཡིན། ཆུ་ཚོད་ཕྱེད་ཀའི་རྗེས་སུ་མི་ཚང་མ་ནང་ལ་འཇུལ་སོང་། སྐབས་དེར་ངའིའི་འགྲམ་གྱི་བོད་པའི་ཕོ་གསར་དེས་ང་ལ། དབྱིན་ཇི་འདི་རྩ་མ་ཚང་བ་ཞིག་ཡིན་ས་རེད། ད་གིན་ཕོ་གསར་དེ་དང་རྩོད་པ་རྒྱག་ཀྱིན་འདུག་ཟེར། ངས་སྣང་མེད་ངང་ཨ་ལེ་བྱས་ཡིན།

དེ་ནས་ང་དང་ཁོ་མོས་བོད་པ་དེར་སྒུག་ཡོད། ངའི་སེམས་ལ་ག་རེ་འདྲ་ཞིག་བཤད་ན་དྲག་ཡོང་དྲན་སོང་། གང་ཡིན་ཟེར་ན། ངས་ཁོང་ལ་དེ་འདྲ་མ་བྱེད་ཟེར་བའི་དབང་ཚད་མེད་པ་རེད། སྐད་ཆ་ཞིག་མ་བཤད་ན་ནི། དབྱིན་ཇི་ཞིག་ལ་བོད་པས་བརྙས་བཅོས་བྱས་པའི་ཟོལ་འདྲ་མཐོང་གི་འདུག བོད་པ་དེ་སླེབས་སོང་། ངས་ཁོང་ལ་ཁྱེད་ཀྱིས་རྐུག་སྟེགས་དེ་ཡར་ཙམ་འཐེན་རོགས་བྱའམ། དབྱིན་མོ་འདི་བསྡད་ས་དོག་གི་འདུག་ཟེར་གྱི་འདུག་ཞེས་རྣམ་འགྱུར་གང་ཡག་གིས་ལབ་ པ་ཡིན།

སྐབས་དེར་དབྱིན་མོའི་འགྲམ་གྱི་བོད་པ་དེས་ང་ལ་ཕྱོགས་ནས། སྐུ་ཞབས་ཁྱེད་རང་གིས་མོ་ལ་རྐུག་སྟེགས་ཕབ་བཅུག་རོགས་དང་འགྲིག་གི་འདུག་ག་ཟེར། འཆམ་ར་བས་ཁོང་ཚོར་ཕྱོགས་ཏེ། ངས་ཁོ་མོ་ལ་ཕབ་མ་བཅུག་པ་མིན། ངས་ཁོ་མོ་ལ་སྐུ་མཁྱེན་ཁྱེད་ཀྱི་རྐུག་སྟེགས་འདི་ཏོག་ཙམ་ཡར་བཅག་ན་འགྲིག་གམ་ ཞེས་ཞུས་པ་ཡིན། མོས་ཀྱང་བསམ་ཤེས་བྱས་ནས་ཁས་ལེན་བྱས་སོང་། དེ་འདྲ་མ་གཏོགས་ངས་བྱེད་མི་ཆོག་ཞེས་བཤད་མེད་ཅེས་ལབ་པ་ཡིན།

ད་དུང་འཆམ་ར་བས། ང་ཚོ་ཚང་མ་གང་འདྲས་མྱོང་གིན་ཡོད་མེད་ནི་གཅིག་པ་རེད། དེ་ཡིན་དུས་ང་ཚོ་ཚང་མས་ཕན་ཚུན་བར་བསམ་རྣོ་གཏོང་ཐུབ་ན་ཡག་པོ་རེད། དཔེར་ན་མདུན་དུ་བསྡད་མཁན་ཚོས་རྒྱབ་ལ་བསྡད་མཁན་ཚོར། རང་ཉིད་མདུན་གྱི་རྐུག་སྟེགས་དེས་གང་འདྲས་མནན་གྱི་ཡོད་མེད་དག་རང་དཔེ་གཞན་ལ་ འདྲེན་རྒྱུ་དེ་གལ་ཆེན་པོ་རེད། གལ་སྲིད་དེ་ལྟར་བྱ་མ་ཐུབ་ན་དོ་དགོང་གི་རྐུག་སྟེགས་འདི་སོ་སོས་ཉོས་ཡོད་སྟབས་ རང་དབང་རེད། འདི་ཆོག་འདི་མི་ཆོག་ལབ་རྒྱུའི་དབང་ཚད་སུ་ལ་མེད་པ་རེད་ཅེས་ཞུ་པ་ཡིན།

སྐབས་དེར་འཆམ་ར་བས་སུ་ཞིག་གིས་རྒོལ་ལན་ཇི་ལྟར་སློག་ཡོང་དྲན་སོང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། ཡོད་ཚད་འཇམ་ཐེངས་མེར་བསྡད་འདུག སྐབས་དེ་འདྲ་ཞིག་ལ་དབྱིན་མོའི་འགྲམ་གྱི་ཕོ་གསར་དེས་ད་སྤྱོད་འཇུག་བསྒོམ་ནས་ བསྡད་རྒྱུ་རེད་ཅེས་ལྷོད་ཤིག་གེར་བསྡད་སོང་། སྡོད་སྟངས་དེའང་རྐུག་སྟེགས་དག་རྒྱབ་ལ་ཕབ་མ་ཆེ་བ་མི་ལོ་རང་ལོ་བྱས་ནས་བསྡད་ སོང་། འཆམ་ར་བའང་གཉིད་ལ་ཞུགས་ཡིན།

འོ་ཡ། ག་རེ་བྱུང་ཡིན་ན། གློ་བུར་དུ་དབྱིན་མོ་དེས། འཆམ་ར་བར་དགོངས་དག་ཞུས་བྱུང་། ག་རེ་བྱས་ཡིན་ན། ཨ། དབྱིན་མོས་རྐུག་སྟེགས་འཆམ་ར་བའི་པང་དུ་ཕབ་ཟིན་འདུག མོས་བཤད་རྒྱུར། དགོངས་དག ཁོ་མོའི་མདུན་གྱི་བོད་པ་དེས་རྐུག་སྟེགས་ཕབ་ནས་ང་ལ་བྱ་ཐབས་མི་འདུག་ཟེར། འཆམ་ར་བས། གས་མེད་རེད། ཁྱོད་རང་བདེ་བར་བྱོས་ལབ་ནས་འགྲེ་ལོག་རྒྱག་ཞོར་ཨུ་ཚུགས་བརྒྱབ་སྟེ་གཉིད་ཁུག་ ཐབས་བྱས།

གྲོགས་པོ་ལགས། གང་ལྟར་བརྗོད་གཞི་འདིའི་ནང་ནས་བོད་པ་ཞིག་གི་ཀུན་སྤྱོད་གཞན་བསྟུན་མེད་པ་ཞིག་ དང་། དབྱིན་ཇི་ཞིག་གི་བསམ་ཤེས་ཀྱི་བློ་རྒྱ་དེ་ཕུགས་མེད་པའི་རྣམ་པ་བཅས་མཐོང་ཨེ་ ཐུབ་དུ་ཨ ཡ་ཤོད་དང་། འཆམ་ར་བ་རྡ་སར་འབྱོར་འདུག