མཉམ་འབྲེལ་རྒྱལ་ཚོགས་སུ་བོད་མིའི་ཐོབ་ཐང་འགྲེལ་བརྗོད།

ཟླ་འདིའི་ཚེས་༥ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ པ་དེ། བདུན་གསུམ་རིང་སུད་སི་གྲོང་ཁྱེར་ཇི་ནི་ཝར་བསྐོང་འཚོགས་གནང་ཡོད་ཅིང།  ཚོགས་ཆེན་དེའི་ནང་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ཐད་དཀའ་ངལ་ཇི་ཡོད་སེལ་ཐབས་སུ་བགྲོ་གླེང་གནང་གི་ཡོད་སྟབས། ས་གནས་དེའི་བོད་གཞུང་དོན་གཅོད་བསྟན་འཛིན་བསམ་འཕེལ་ལགས། རྒྱལ་ཚོགས་ནང་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་ སུ་མཉམ་ཞུགས་གནང་སྟེ། ཁོང་གིས། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་རྣམས་ཐེར་འདོན། དེ་བཞིན་རྒྱལ་སྤྱིའི་རྩ་ཁྲིམས་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལྟར་ལག་བསྟར་བྱེད་དགོས་པ། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་མཁན་སྐུ་ཞབས་ཀརྨ་བསམ་གྲུབ་གཙོས། ཁོང་གི་ནང་མི་དྲུག་ལ་མ་ཉེས་ཁ་གཡོག་གིས་ཁྲིམས་བཅད་དང་འཇུ་བཟུང་། མནར་གཅོད་སོགས་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད།  བོད་མི་ཤེས་ཡོན་ཅན་རྣམས་ནས་རྩོམ་དང་།  གླུ་གཞས་སོགས་ཀྱི་བརྒྱུད་ནས། རང་མི་རིགས་ཀྱི་བདེ་སྡུག་དང་དངོས་ཡོད་གནས་ཚུལ་བརྗོད་པར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་མཁན་ལ་བསྙད་དེ། འཛིན་བཟུང་བཀག་ཉར་དང་མནར་གཅོད་དྲག་པོ་བཏང་ཡོད་པ་དང་།  སྒྲིག་མཐུན་ཁྲིམས་བཤེར་གྱི་གོ་སྐབས་སྤྲོད་ཀྱི་མེད་པའི་སྐོར་ལ་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་རེད།

 

དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པའི་སྐུ་ཚབ་ནས་ཀྱང། རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་ཅི་ཆེ་གཏོང་བཞིན་པར་བློ་འཚབ་ཡོད་པ་མ་ཟད།  ལོ་འདིའི་ཟླ་ ༧ ནང་ཚོགས་པ་འདིས་ཕྱི་ལོ་ ༢༠༠༨ ལོ་ནས་བོད་ས་ཡོངས་རྫོགས་ནང་བོད་མིས་ཞི་རྒོལ་བྱས་པའི་དོན་རྐྱེན་ལ་ཞིབ་འཇུག་གནང་སྐབས། རྒྱ་གཞུང་དྲག་ཆས་དམག་མིས་བོད་མི་ཞི་རྒོལ་བར་དྲག་གནོན་ཚད་བརྒལ་བྱས་ཡོད་པ་ར་སྤྲོད་དང་། ཞི་རྒོལ་བྱུང་ནས་ལོ་གཉིས་རྗེས་སུའང་རྒྱ་གཞུང་ནས་བོད་མིའི་ཐོག་ཉེས་མེད་ཁྲིམས་བཅད་དང་།  གར་སོང་ཆ་མེད་སོང་བ།  ནང་མིར་སུན་བརྩེར་སོགས་ད་ལྟའང་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད།

 

ཁོང་གི་མུ་མཐུད་ནས། རྒྱལ་ཚོགས་སུ་བོད་ནང་རྟོག་ཞིབ་གནང་རྒྱུའི་དགོས་འདུན་བཏོན་གནང་ཡོད་ཀྱང་། རྒྱ་ནག་སྲིད་གཞུང་ནས་ད་བར་ཕེབས་བཅུག་མེད་པ་དང། ཆོས་དད་རང་མོས་ཀྱི་ཞིབ་འཇུག་མཁས་དབང་གདན་ཞུ་གནང་རྒྱུའི་ཁས་ལེན་ཞུས་ཡོད་ནའང་། ད་བར་ཕེབས་ཐུབ་པ་བྱུང་མེད་སྟབས་རྒྱལ་ཚོགས་འགྲོ་བ་མིའི་ལྷན་ཚོགས་འདི་ནས། རྒྱ་ནག་གཞུང་ལ་གོང་འཁོད་རྒྱལ་ཚོགས་ཀྱི་ཞིབ་འཇུག་པ་རྣམས་ཛ་དྲག་ཐོག་གདན་ཞུ་གནང་དགོས་སྐོར་ཞུས་པ་སོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}