དྲྭ་ཚིགས་ལ་རིན་ཐང་བསྐྲུན་སྟངས།
དེའང་གོ་རྒྱུ་ཡོད་ལ་མེད་ལ་དང་། ཚིག་ཕྲེང་འགྲིག་ལ་མི་འགྲིགས་ལའི་ཡིག་ཚོགས་རེ་ཟིན་བྲིས་ཀྱི་ཁ་ཕོས་སྡིང་ཆ་འདིར་སྐྱེལ་བ་དང་། བརྗོད་གཞི་དང་མ་འབྲེལ་བའི་མཆན་བུ་རང་སྣང་གང་ཤར་འབྲི་བ། གཞི་མེད་སྐུལ་འདེབས་དང་། ཁུངས་མེད་སྐྱོན་བརྗོད་ཀྱིས་དྲྭ་ཚིགས་ཀྱི་རིན་ཐང་བརླག་པ་སོགས་ནི། རྩོམ་སྒྲིག་པའམ། དྲྭ་རྒྱ་དོ་དམ་པས་ཀྱང་དམ་འཛིན་དང་། དོ་བདག་སོ་སོས་ཀྱང་བསམ་ཤེས་ཀྱིས་ཚད་དཀག་ཞིག་དགོས་པ་ལས། ག་དུས་ཀྱང་བྱིས་པའི་ཁྱུ་ཚིགས་ཤིག་གིས་འབྲི་ཀློག་སྦྱོང་བཞིན་པའི་ཟོལ་འདྲས་ཁེངས་པ་དང་།
འཆོལ་ཉོག་དང་ཚད་དམན། ཁ་ཕོ་དང་ངོ་སོ། སྐུལ་འདེབས་དང་ཁུངས་མེད་ཀྱི་སྒྲོགས་གཏམ་འོག་ཟིན་བྲིས་ཀྱི་ར་བ་ཁེངས་ན།
སྐབས་དེར་སྤུས་དག་ཀྱི་རྩོམ་ཡིག་དག་བག་ལ་ཞར་ཞིང་། དཔྱོད་ལྡན་ཀྱི་ཟིན་བྲིས་པ་དག་སུན་པའི་གསེབ་ནས། དྲྭ་ཚིགས་དང་ཟིན་བྲིས་ཀྱི་རིན་ཐང་གཏོར་བཞིན་ཡོད་ལ། སྐད་ཡིག་དང་རིག་གཞུང་གི་གཞི་རྐང་བཅག་ཀྱིན་ཡོད།
ད་རུང་དྲྭ་ཚིགས་འདིའི་ཟིན་བྲིས་གཞན་དང་མི་འདྲ་ས་ཞིག་ནི། བཟང་ངན་གྱི་རྩོམ་ཡིག་གང་ཞིག་སྤེལ་ཡང་། དེ་ཉིད་ཟིན་བྲིས་ཀྱི་མདུན་ངོས་སུ་ཤར་བ་དང་། ཉོབ་གཏམ་གྱི་གྲངས་ཀ་མང་སོང་བའི་རྐྱེན་གྱིས། རིན་བྲལ་གྱི་རྩོམ་ཡིག་རྣམས་རང་བཞིན་གྱིས་འོག་ནས་འོག་ཏུ་གང་འགྱོགས་བརྫངས་བཞིན་པ་ནི་སུན་སྣང་དང་། ཉོབ་སྣང་ལ་རམ་འདེགས་བྱས་པ་དང་གཉིས་སུ་མི་འདུག
སྤྱིར་བཏང་ས་འདིར་གསེར་ཞིག་ཡོད་ན། རང་ཉིད་ཀྱི་འཚོལ་ཡང་རུང་མོད། གསེར་དེ་ཡོད་སའི་ཁོར་ཡུག་ཏུ་གཙང་མ་དང་། གུ་ཡངས་པོ་ཞིག་ཡོད་ན། རང་བཞིན་གྱིས་ཕྱོགས་དེར་འཁོར་མོས་པ་དང་། དངས་བ་འདྲེན་པ། ད་རུང་གསེར་དེ་འཚོལ་བའི་བརྒྱུད་རིམ་ནང་འབག་གཙོག་གི་དྲི་མས་སྣ་ཁུང་མི་ཚ་བ་སོགས་ཀྱི་ཁེ་ཕན་ལོས་ཡོད།
འདི་དག་ནི་གཏན་འགོག་བྱེད་དགོས་པ་དང་། དོ་སྣང་གནང་དགོས་ས་ཞིག་ཡིན་པར་བརྟེན། དེ་རྣམས་ལ་གདོང་ལེན་བྱ་སྟངས་ཀྱི་ཐད་ནས་བསམ་ན། ཟིན་བྲིས་སྤེལ་སའི་དྲྭ་ཚིགས་སྟབས་བདེ་བོ་དང་། ཁམས་གཙང་མ། དེ་བཞིན་ཟིན་བྲིས་པ་ཚོས་ཀྱང་ཡིག་ཕྲེང་ཞིག་སྒྲིག་ཐུབ་པ་ཙམ་གྱིས་དྲྭ་ཐོག་ཏུ་མི་སྐྱེལ་བ། རང་ཉིད་ཀྱི་ཤེས་ཚད་དང་རང་གི་ཁ་ཕོ་གཉིས་མཚུངས་བསྡུར་གྱིས། རོགས་པ་དང་ཚིག་མཛོད། ད་རུང་ཐབས་ལམ་གཞན་པ་གང་ཞིག་བརྒྱུད་དགོས་ཀྱང་། རང་གིས་བྲིས་པ་དེ་རྒྱུ་སྤུས་གང་ཡག་ཡག་ཞིག་གནང་རྗེས། ད་གཟོད་དྲྭ་ཐོག་བསྐྱལ་ཡང་ཕྱིས་མེད་པ་ཡིན།
དེ་བཞིན་ཁྱོད་དྲྭ་ཐོག་ཡོང་བའི་སྐབས་དེ་ནས་ཁྱོད་ཀྱིས་ངེས་པར་བརྗོད་འདོད་པ་ཐམས་ཅད་ཟིན་བྲིས་སུ་སྤེལ་དགོས་ཀྱིན་མེད་པ། ཡང་དག་པའི་མཆན་བུའི་ངོ་བོའི་ཐོག་ནས་སྤེལ་ཡང་དོན་ཕན་ལྡན་གྱིན་ཡོད། དེ་སྔོན་ཟིན་བྲིས་མེད་ཀྱང་མཆན་འདོགས་མཁན་སྐད་གྲགས་ཅན་དེ་འདྲ་མང་པོ་ཡོད་པ་རེད། སྐབས་འདིར་ངས་མནའ་དཔེ་ཞིག་དྲན་ཡོང་བ་ནི། འདོ་དགའ་རྟ་ལ་རྒྱུག་རྒྱུ་ཡོད་ན། ཨ་ཆེན་ཐང་ལ་ཟད་མཐའ་མེད་ཟེར་བ་ཞིག་རེད།
ལགས་སོ། དྲྭ་གྲོགས་ཚོས་གོ་བ་ལོག་ལེན་མེད་པ་སྐད་ཆ་འདིའི་བསྟན་དོན་ནི། སྐད་ཡིག་ལ་བརྩི་མཐོང་དང་། དྲྭ་ཚིགས་ལ་གཅེས་སྤྲས། དེ་བཞིན་ཟིན་བྲིས་པའི་ཁོར་ཡུག་སྲུང་སྐྱོབས་བྱས་པ་ཞིག་ལ་ངོས་འཛིན་གནང་བ་ལས། འཆམ་ར་བ་མཁས་ཆེ་བ་དང་། འཆམ་ར་བ་བསྡད་སས་མ་འགྲིག་པའི་གཞི་མེད་ཀྱི་གོ་ལོག་མི་གནང་རོགས་ཞུ་ཞེས་ཐོག་མ་རེ་བསྐུལ་ཞུ་འདོད་བྱུང་།
འདི་ནི་བང་ཆེན་ཟིན་བྲིས་ནང་དྲྭ་གྲོགས་སྤྲང་ཕྲུག་གིས༼ཟིན་བྲིས་ཀྱི་གནས་ཚུལ་ལ་ཆེ་མཐོང་མེད་པའི་རྒྱུ་མཚན་ཅི༽ཞེས་པ་ཞིག་སྤེལ་གནང་འདུག་པས། ནམ་རྒྱུན་གྱི་སྐད་ཅོར་བརྒྱབ་པ་ལ་དོན་འབྲས་དེ་ཙམ་མ་ཐོན་ཀྱང་ཡང་སྐྱར་གོ་སྐབས་ཤིག་དམ་འཛིན་བྱས་པའི་ཁུལ་ལགས་སོ།
ཞེས་རྡ་སའི་གཅིག་གཉིས་ཇ་ཁང་ནང་ནས་འཆམ་ར་བས།།
༼འདི་དང་ཤམ་བྷ་ལ་གཉིས་འདྲ་ས་མང་བས་ངོས་བཤུས་དེ་གཉིས་སུ་བཀྲམས།༽