༧གོང་ས་མཆོག་གིས་རྒྱ་རིགས་ཤེས་ཡོན་ཅན་ཚོར་མཇལ་འཕྲད།

ཟླ་འདིའི་ཚེས་༡༥ ཉིན་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བརྒྱུད་ལམ་ཁག་ཏུ་བཏང་གནས་སུ་འཁོད་དོན། ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་སཊྣ་ཕོཌ་གཙུག་ལག་སློབ་གྲྭ་དང་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་བྷར་ཀ་ལེ་གཙུག་ལག་སློབ་གྲྭ སན་ཧྥ་རན་སི་སི་ཀོ་མངའ་སྡེའི་གཙུག་ལག་སློབ་གྲྭ  སན་ཧྥ་རན་སི་སི་ཀོ་སྒྱུ་རྩལ་བསྟི་གནས་ཁང་བཅས་ཀྱི་ནང་། རྒྱ་རིགས་སློབ་ཕྲུག་༡༣༠ ཙམ་དང་རྒྱ་རིགས་གཙུག་ལག་སློབ་དཔོན། མཁས་དབང་བཅས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བོད་ཀྱི་གནད་དོན་སྐོར་བཀའ་སློབ་གནང་དོན།

སྔོན་དུས་གནམ་བདེ་སྒོ་མོ་ཆེ་ཐང་དུ་ཞི་རྒོལ་མ་བྱུང་བའི་སྔ་རོལ་ནས། རྒྱ་མི་རིགས་ཚོར་འབྲེལ་ལམ་བྱེད་རྒྱུའི་འབད་བརྩོད་བྱས་ཡོད་ཀྱང། ལས་དོན་བསྒྲུབ་པར་དཀའ་ངལ་འཕྲད་ཡོད་རུང་། ཞི་རྒོལ་ཆེན་པོ་བྱུང་ཚར་བའི་རྗེས་སུ། རྒྱ་རིགས་ཚོ་དང་འབྲེལ་བ་བྱེད་སྐབས་ཡ་ལན་སྤྲོད་ཕྱོགས་བཟང་དུ་ཕྱིན་ཡོད་པ་དང། ལྷག་དོན་ཕྱི་ལོ་༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་རྗེས་བོད་ཀྱི་གནད་དོན་ལ་དོ་སྣང་བྱེད་མཁན་རྒྱ་རིགས་མང་དུ་འགྲོ་བཞིན་ཡོད་པ་དང། འདས་པའི་ལོ་གཉིས་རིང་མགོན་པོ་གང་ཉིད་ཀྱིས་ཡང་ཡང་རྒྱ་རིགས་ཚོ་དང་གྲོས་མོལ་མཛད་ཀྱི་ཡོད་སྐོར་བཀའ་སློབ་གནང་ཡོད་པ་རེད།

hh with chinese studentsབོད་ཀྱི་གནད་དོན་སྐོར་བཀའ་སློབ་གནང་དོན། ༧གོང་ས་མཆོག་ནས་བོད་རང་བཙན་རྩོད་ཀྱི་མེད་པ་དེ་ཚང་མས་ཤེས་གསལ་ཡིན་པ་མ་ཟད། བོད་པ་མི་ཉུང་བ་ཞིག་གིས་བཞེངས་ཕྱོགས་དེར་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་ནས་ད་དུང་༸གོང་ས་མཆོག་ཁ་བྲལ་བ་ཡིན་པའི་བསྙོན་འཛུགས་བྱེད་བཞིན་ཡོད་སྐོར་དང་། བོད་ཀྱི་དཀའ་ངལ་དེ་མིས་བཟོས་པའི་དཀའ་ངལ་ཞིག་ཡིན་པར་བརྟེན། དཀའ་ངལ་སེལ་ཐུབ་ངེས་ཤིག་ཡིན་པ་དངོས་ཡོད་གནས་ཚུལ་ཞིག་རེད་ཅེས་སོགས་དང་། དེ་རྗེས་རྒྱ་ནག་དཔོན་རིགས་ཚོ་དང་གྲོས་མོལ་བྱ་རྒྱུའི་གནས་བབ་ཇི་འདྲ་ཞིག་ལ་སླེབས་ཡོད་མེད་དང་། ཕྱི་ལོ་༡༩༧༤ ལོ་ནས་བོད་རང་བཙན་རྩོད་ལེན་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ། དེ་རྗེས་ཕྱི་ལོ་༡༩༧༩ ལོའི་འགོ་སྟོད་ཙམ་ལ་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་ལ། རྒྱ་ནག་གི་སྲིད་འཛིན་ཏེང་ཞའོ་ཕིང་ནས་རང་བཙན་མ་གཏོགས་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་གཞན་གང་ཡོད་གྲོས་མོལ་བྱེད་ཆོག་སྐོར་གསུངས་ཡོད་པ་དང། ཕྱི་ལོ་༡༩༨༠ ནང་ཧུའུ་ཡོ་པང་སྐབས་བོད་ཀྱི་གནད་དོན་དེར་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཆེན་པོ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་ནས་ཁོང་གོ་གནས་ནས་ཕབ་པའི་སྐོར་དང་། ཕྱི་ལོ་༢༠༠༢ ལོར་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་འབྲེལ་བ་སླར་གསོ་བྱུང་ཡོད་ཀྱང་། བོད་རྒྱ་གཉིས་ཀྱི་གྲོས་མོལ་དེར་ད་བར་དོན་ཕན་སོན་པའི་ཡར་རྒྱས་གང་ཡང་བྱུང་མེད་པའི་སྐོར་བཀའ་སློབ་གནང་འདུག

དེ་རྗེས་བོད་ཀྱི་གནད་དོན་སེལ་ཆེད་མང་ཚོགས་ནས་གང་བྱེད་ཐུབ་མིན་གྱི་དྲི་བ་ཕུལ་བའི་བཀའ་ལན་དུ། བོད་ནང་གི་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཚང་མར་གོ་རྟོགས་སྤེལ་དགོས་པ་དང། རྒྱ་མི་རིགས་ཚོ་དཀའ་ལས་རྒྱག་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པ་དང་། ༸གོང་ས་མཆོག་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་རྒྱ་རིགས་ནང་པ་ཚོར་དུས་རྟག་ཏུ་གུས་བཀུར་ཞུ་ཡི་ཡོད་པ་དང།  གང་ཡིན་ཞེ་ན་རྒྱ་རིགས་ནང་པ་ཚོ་སྟོན་པའི་རྗེས་འབྲང་གི་བསླབ་པ་རྒན་པ་ཆགས་ཡོད་། འོན་ཀྱང་ནང་ཆོས་སློབ་སྦྱོང་ཐོག་བསླབ་པ་གཞོན་པ་ཚོ་སྐྱོ་པོ་མིན་ཞེས་གསུངས་ཡོད་པ་རེད།

དེ་རྗེས་ཚོགས་བཅར་བ་གཞན་ཞིག་གི་དྲི་བར་བཀའ་ལན་མཛད་སྐབས། ༸གོང་ས་མཆོག་གིས་རྒྱ་ནག་ནང་དུས་སྐབས་བཞི་ལ་ཕྱེ་སྟེ། མའོ་ཙེ་ཏུང་གི་དུས་སྐབས་སུ་ལྟ་བར་གཅེས་འཛིན་བྱས་ཡོད་པ་དང། ཏེང་གི་དུས་སྐབས་སུ་དཔལ་འབྱོར་ཡར་རྒྱས་དེ་གཙོ་ཆེར་རྩིས་ཡོད། ཅང་ཙི་མེན་དུས་སྐབས་སུ་གུང་ཁྲན་ཚོགས་མི་ཁོངས་སུ་གྲལ་རིམ་གཞན་གྱི་འཐུས་མི་བཅུག་ཡོད། ཧུའུ་ཅིན་ཐའོ་ཡི་དུས་སྐབས་སུ་སྤྱི་ཚོགས་འཆམ་མཐུན་དང་མི་སྒེར་གྱི་རང་དབང། གསར་འགྱུར་རང་དབང་སོགས་ལ་གཙིགས་ཆེར་རྩིས་ཡོད་ཅེས་བཀའ་སློབ་གནང་ཡོད་པ་རེད།

དེ་ནས་ཕྱི་ལོ་༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་སྐབས། ལྕགས་ཁྲབ་འཁོར་ལོས་བརྫིས་ནས་རྐང་པ་གཉིས་འཕྲོ་བརླག་ཕྱིན་པའི་སྐུ་ཞབས་ཧྥང་ཀྲེང་གིས། ཉེ་ཆར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ལིའུ་ཞའོ་པོ་མ་འོངས་པར་གང་དུ་མཇལ་ཐུབ་བམ་ཞེས་བཀའ་འདྲི་ཞུས་པའི་ལན་དུ། གལ་སྲིད་དེ་འདྲའི་གོ་སྐབས་བྱུང་ཚེ་པེ་ཅིང་དུའང་ཡོང་སྲིད་པ་རེད་ཅེས་བཀའ་ལན་གནང་འདུག  དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་གོ་སྒྲིག་ཞུ་མཁན་གྱི་རྒྱ་རིགས་སློབ་ཕྲུག་གཅིག་གིས། ༸གོང་ས་མཆོག་མཛད་བྲེལ་ཤིན་ཏུ་ཆེ་ཡང་ཆེད་དུ་འདིར་ཆིབས་བསྒྱུར་བསྐྱངས་པར་རྒྱ་བོད་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཤིན་ཏུ་ཆེ་ཞེས་ཞུས་ཡོད་པ་རེད།།

{jcomments on}