གསང་བའི་བྱ་ར་བ།
དར་མདོའི་མཛའ་གཞས། དགེ་སྟག་སྤྲུལ་སྐུ་སོགས་བསྟན་ནས། གུང་ཁྲན་ཏང་བོད་ལ་བཀའ་དྲིན་ཆེ་རབས་ཤ་སྟག་རེད་འདུག་པས། ལས་ཁུངས་གྲོལ་ནས་ནང་དུ་ལོག་སྐབས། བོད་སྐད་བརྙན་ཕྲིན་ལྟ་སྙིང་འདོད་ཀྱི་མི་འདུག
ཡིན་ནའང་ཟླ་༡༠ ཚེས་༡ སྟེ་རྒྱ་ནག་དམར་ཕྱོགས་ཚོགས་པ་དབུ་བརྙེས་ནས། མི་ལོ་༦༡ འཁོར་བའི་དུས་དང་བསྟུན་དེར། གསང་བའི་བྱ་ར་བ་ཟེར་བའི་ལྟད་མོ་ཞིག་བསྟན་སོང་། ལྟད་མོ་དེ་གཙོ་བོ་གུང་ཁྲན་ཏང་དང་གོ་མིན་ཏང་གིས། ཕྱོགས་སོ་སོར་གསང་ཉུལ་གཏོང་རེས་བྱས་པའི་སྒྲུང་ཞིག་རེད་འདུག་པས། དངོས་གནས་གསང་ཉུལ་བ་དང་འཆར་འགོད་པ་ཚོའི་ལས་ཀ་བྱེད་སྟངས་ཧང་སང་དགོས་པ་ཞིག་རེད་འདུག གོང་ཁྲན་ཏང་གི་ཆེས་མཐོའི་གསང་བའི་ཚོགས་པའི་ནང་ལས་ཀ་བྱེད་མཁན། གོ་མིན་ཏང་གི་གསང་ཉུལ་བ་གཉིས་འདུག གཅིག་གི་གསང་མིང་སྟག་རྒོད་དང་གཅིག་གི་གསང་མིང་སྐྱེས་ཆེན་དམ་པ་ཟེར། སྟག་རྒོད་ཕོ་དང་སྐྱེས་ཆེན་དམ་པ་མོ་རེད་འདུག གསང་མིང་འདིའི་ཐོག་ནས་ཡིག་ཆ་དང་འབྲེལ་ཡོད་མི་སྣ་སུ་འདྲ་ཞིག་གིས་ཀྱང་ངོས་འཛིན་ཐུབ་ཀྱི་མི་འདུག
གསང་ཉུལ་བ་གཉིས་ཀྱིས་ཕན་ཚུན་ངོ་ཤེས་ཀྱི་མི་འདུག སྐབས་ཤིག་ཁོ་རང་གཉིས་བརྩེ་གདུང་ཆགས་ནས་ཆང་ས་ཡང་བརྒྱབ་སོང། ཡིན་ནའང་བཟའ་ཚང་གི་དགའ་སྡུག་དང་། སྤྱི་ཚོགས་ཀྱི་འགྱུར་འགྲོས། དམག་འཁྲུག་གི་དངས་སྐྲག ཆབ་སྲིད་ཀྱི་ལས་འགུལ་སོགས་ག་ཚོད་རྙོག་འཛིང་ཆེ་ནའང། མི་འདི་གཉིས་ཀྱིས་འཆར་འགོད་བྱེད་སྟངས་དང་སྐད་ཆ་ཤོད་སྟངས། དུས་ནས་དུས་སུ་གསང་བའི་ལས་འགུལ་སྤེལ་སྟངས་སོགས་ལས། ང་ཚོ་དགོས་བའི་བསླབ་བྱ་མང་པོ་འདུག་པས། དུས་ཚོད་བྱུང་ན་དྲ་གྲོགས་ཚོས་གཟིགས་མོ་འདི་གཟིགས་དགོས།
