ཡང་འདི་ཟམ་པ་ཡིན་ནམ།

 

ཟམ་པར་འཐུད་པའི་ཟམ་པ་འཛུགས་སྟངས་དེ

ཟམ་པ་ནི་ནམ་མཁའི་མཐའ་ལ་སྦྱར་པ་ཡིན་པས

ནམ་མཁའ་དང་འདྲ་བ་སྟོང་སངས་ཀྱང་ཆགས་སྲིད་ལ

ཟམ་པ་ལ་དགའ་བའི་ལོ་ལོན་ཚོས

ཟམ་པ་ཡི་སྟེང་དུ་དྲོད་འཇམ་ཚོར་བ་དེ

རང་ཉིད་ཀྱི་ཕམ་ཁ་ཡིན་པར་བརྗེད་འདུག

ཟམ་པ་ཡི་ངོགས་ནས་ལངས་ཐུབ་པ་འདོད་མཁན་ཚོ

ཁྱེད་ཚོར་ལྷག་པ་ནི་དག་སྣང་དེ་མིན་ལ

ཟམ་པ་འདི་ཁྱེད་ཚོའི་རྐང་སྟེགས་ཀྱང་མིན

ཁྱེད་ཚོའི་བགྲོད་ལམ་ནི་མི་རྟག་པ་ཡིན་པས

ཁྱེད་ཚོ་ནི་ནམ་ཡང་མི་རྟག་པ་ལ་རེ་བའི་མི་ཡིན་དགོས


མི་རྟག་པ་ལ་སྒུག་བཞིན་པའི་ཁྱེད་ཚོས

ཟམ་པ་ལ་ཁ་གཡང་འཐེན་བཞིན

ཁྱེད་དང་ང་ ང་དང་ཁོ་

ཡོད་ཚད་གནས་ལུགས་འོག་ནས་གཅིག་ཏུ་མ་བསྡུས

ང་དང་ཁོ ཁྱེད་དང་ང

གཅིག་ཏུ་སྤུངས་པ་དེ་ཁྱེད་ཚོའི་ཕམ་ཁ་ཡི་གཞི་མ་ཡིན


ཟམ་པ་འདི་རྗེན་པར་ཡིན་སེམས་མཁན་ཚོས

ཟམ་པ་ཡི་འཆར་སྣང་ཀློག་མ་ཐག

རང་ཉིད་ལ་ཚང་མལ་ཐོབ་པ་བཞིན

དགའ་བ་དང་སྤྲོ་བས་ཁེངས་ཀྱང་

འཆར་སྣང་ལ་རྫོགས་མཐའ་མེད་པས

རྗེན་པ་དེ་ད་དུང་ང་ཚོ་དང་ཁ་ཐག་རིང


གནམ་གཤིས་འགྱུར་འགྲོས་ལ་ལྟོས་ནས

ཁྲོ་འཛུམ་གྱི་རྣམ་འགྱུར་རེས་མོས་འོག

མིག་དང་སྙིང་བོར་བའི་མི་བུ་ཚོས

མིག་ཆུ་དང་འཛུམ་མདངས་འཁོར་བ་དེ

གནམ་གྱི་ཀ་བའི་རྩེན་ཆས་ཡིན་པར་བརྗེད་འདུག


རྩེད་ཆས་ཡིན་པའི་ཁྱེད་ཚོས

རྒྱལ་ཁ་ཡོད་ཚད་གཞན་ལ་སྟེར་ནས

སེམས་དཔའ་ཞིག་གི་ལོ་རྒྱུས་བཀླགས་ཀྱང་

ལོ་རྒྱུས་ནི་གཟུགས་བརྙན་ཡིན་པས

ཅི་ལྟར་འགུལ་ཡང ཇི་ལྟར་བསྐྱོད་ཀྱང་

རང་ཉིད་ལངས་མི་ཐུབ་ལ སངས་ཀྱང་མི་ཐུབ


ཟམ་པ་འདི་རྩེད་སྟངས་རེད

ང་ཚོ་ནི་རྩེད་ཆས་རེད

བློ་གླིང་གྲྭ་ཚང་གི་དབུ་མའི་དྭོགས་དཔྱོད་ཀྱི་བར་གསེང་དུ་ཤར་མར་བྲིས།