ལྟོ་ཆེད་དུ་ཡིན་ཚེ། སྐད་ཡིག་ལ་ཁྱད་པར་མེད།
ཁོང་ཚོ་མ་གྲོས་བསམ་པ་གཅིག་མཐུན་གྱིས། རང་ཅག་གི་མེས་པོ་གོང་མ་དག་གིས་གསེར་དངུལ་དང་རྔུལ་ཁྲག་གིས་ཉོས་པའི་རིན་བྲལ་གྱི་མི་རིགས་ཀྱི་སྐད་ཡིག་དེ་གསོན་ཆེད་དུ། ཀུ་ཡངས་དང་བསམ་བློའི་སྟོབས་ཤུགས་ལ་སྐྱབས་བཅོལ་ནས། ཡ་ལན་སྟེར་རྒྱུར་དཀའ་ངལ་ཡོད་པའི་སྲིད་གཞུང་དེ་ཡི་སྒོ་འགྲམ་ནས། མི་རིགས་འདྲ་མཉམ། སྐད་ཡིག་རང་དབང་གི་སྐད་འབོད་བརྒྱབས་པ་དང་། བོད་མི་གནས་ཡུལ་གྱི་རྒྱ་གར་བཙན་བྱོལ་གཙོ་བའི་ས་གནས་གཞན་དག་གི་རླུང་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་གནད་དོན་དེ་ཁོ་ན་གླེང་བ་རེད།
གླེང་ཕྱོགས་དང་མི་རེ་ཡིས་བསམ་བློ་གཏོང་ཕྱོགས་ཀྱང་རེ་ཟུང་མི་འདྲ་ཞིག་ཡོད་པ་སྐྱེ་འགྲོ་སྤྱི་མཚུངས་ཡིན་ཡང་། མི་རིགས་ཤིག་གནས་མིན་དེ་ནི་སྐད་ཡིག་དང་མི་རིགས་ཀྱི་གོམ་གཤིས་ཡོད་མེད་དེ་ལ་རེག་ལས་ཡོད་པ་འཛམ་གླིང་གི་མི་སྣ་ཤེས་ཡོན་ཅན་ཚང་མ་ཁ་གཅིག་གྲགས་ཡིན་པ་རེད། དེ་ཡིན་དུས་རྒྱ་ནག་སྲིད་གཞུང་གིས་རྒྱ་རིགས་རང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་མཁན་དེ་དག་གིས་མི་རིགས་གཞན་དག་ག་ལེར་རྒྱ་རིགས་ཆེན་པོར་སྒྱུར་འདོད་ཀྱི་བློ་དེར་གཏན་ནས་འགྱུར་བ་མ་སོང་བར། བོད་ཁུལ་ཁ་ཤས་ཤིག་ལ་ལྔ་དགུའི་རྗེས་ནས་བཟུང་ལག་ལེན་བསྟར་ནས། ད་ལྟ་ལེགས་འགྲུབ་ཀྱང་དངོས་སུ་བྱུང་ཡོད་པ་རེད།
མི་དེ་ཡི་རིགས་སྐྱེ་ཡུལ་བོད་ཡིན་ལ། ཕ་མེས་ཚོ་བོད་མི་ཡིན། བོད་སྐད་བཤད་ཤེས་མཁན་དང་བོད་ཡིག་མི་ཤེས་ཀྱང་བོད་ཡིག་ལ་བརྩི་མཐོང་ཡོད་མཁན། རང་མི་རིགས་ཀྱི་གོམ་གཤིས་ཡོད་མཁན་ཡིན་ཡང་། ད་ལྟ་ཁོང་ཚོས་གྲངས་དེ་ཡིས་བུ་རབས་ཚ་རྒྱུད་ཀྱི་བོད་སྐད་མི་ཤེས་ལ། བོད་ཡིག་ཡང་མི་ཤེས། རྒྱ་སྐད་དང་རྒྱ་ཡིག་ལ་ཐོག་པ་མེད། གོམ་གཤིས་ཀྱང་རྒྱ་ཡི་གོམ་གཤིས་ཆགས་ཚར་ཡོད། ལས་ཀ་ཡང་ས་གནས་དང་རན་པ་ཁ་ཤས་ཤིག་རེག་གི་ཡོད། འོན་ཀྱང་། ཁོང་ཚོས་མི་རབས་རྗེས་མ་ཚོ་ལ་བོད་མི་ཟེར་ན་ཤ་གཟེར་རྒྱུ་དང་རྐང་ན་རྒྱུ་གང་ཡང་མེད་པར་གྱུར་ངེས་ཡིན།
ད་ལྟ་སྲིད་གཞུང་ངན་པ་དེ་ཡིས་གྲུབ་འབྲས་དེ་དངོས་སུ་རིག་ནས། ད་གཟོད་བོད་ཁུལ་ན་ད་ལྟ་གསོན་ཡོད་པའི་བོད་མི་དེ་དག་ཚར་གཅོད་བྱེད་སྟངས་ཀྱང་། ས་ཁུལ་གཞན་དག་ལ་དངོས་སུ་མགོ་མ་བཙུགས་པ་ཡིན་ན། དེ་དག་གིས་འཚར་ལོངས་ཀྱིས་མི་རིགས་ཤིག་སྟོབས་ཤུགས་ལྡན་པ། རང་གཤིས་ཡོད་པ། མི་རིགས་གཞན་ལ་འགྱུར་ཚར་གྲབས་ཡོད་པ་དེ་དག་ཡང་གཉིད་ལས་སློང་བར་སྐྲག་སྣང་སྐྱེ་བཞིན་ཡོད་པ་རེད། ནམ་རིང་ན་རྨི་ལམ་མང་ཟེར་བ་བཞིན། ད་ནི་རྒྱ་ནག་སྲིད་གཞུང་གིས་མི་འགྱངས་པར་བོད་ཁུལ་གྱི་སྐད་འབོད་དེ་དག་ལ་ཡ་ལན་བྱེད་མི་སྲིད། ཡ་ལན་གལ་སྲིད་ཅེིས་ཀྱང་བྱེད་དགོས་ན། དེ་ནི་བོད་མི་གནས་ཡུལ་ཡོད་ཚད་ནས་ས་གནས་ཀྱི་ལས་བྱེད་ས་གནས་ཀྱི་སྐད་ཡིག་མི་ཤེས་མཁན་དག་ལ་ངེས་ལེན་མེད་པའི་སྒོ་ནས་ཞི་བའི་འོས་བླངས་འཛམ་གླིང་ཁྱོན་ནས་མཐོང་བ་ཙམ་དུ་མ་ཟད། འཛམ་གླིང་མི་མང་གིས་ཁ་ཡ་མི་བྱེད་ཐབས་མེད་ཅིག་མ་བཟོས་ན། རྒྱ་ནག་སྲིད་གཞུང་ནི་རྒྱ་ནག་སྲིད་གཞུང་ཡིན། དེ་ལ་རེ་བ་རྒྱགས་ས་ཞིག་གཏན་ནས་མི་ཉན།