མིག་ཆུའི་བཞུར་སྒྲ །
ཀུ་མུད་གཉེན་ནི་ཤར་རིའི་རྩེ་ནས་འཛུམ། །
ཆུ་འཛིན་འདབ་མ་ལང་ལོང་བྱང་དུ་བཞུད། །
ལོ་འདབ་སེར་པོ་རླུང་གིས་ལ་ལུང་བདས། །
ཁང་བྱིའུ་རྣམས་ནི་རང་རང་མལ་དུ་ཡུར། །
སྤྱིལ་བུ་ཁང་དུ་སྤྲང་འཁྱམས་ཁེར་རྐྱང་ངས། །
ཨ་མ་དྲན་དེ་མིག་ཆུའི་བཞུར་རྒྱུན་གྱིས། །
མལ་གོས་བརླན་པས་ཉལ་བའི་གོ་སྐབས་དབེན། །
དལ་བུར་ལངས་ཏེ་སྒེའུ་ཁུང་འཁྲིས་སུ་ནི། །
ཁྱར་ཁྱོར་བཞུད་དེ་ཟླ་འོད་སྨག་མོག་ཁྲོད། །
ཀེ་རེར་ལངས་བཞིན་ཤེལ་ཡོལ་ཕར་ཕྱེས་ཏེ། །
ཨ་མའི་འདྲ་བརྙན་ལག་པའི་རྩེར་བཀོད་ནས། །
ཡུན་གྱིས་ཅེར་བས་སྲོག་དབུགས་སྟོད་ལ་འཚང་། །
གང་གི་ཞལ་རས་བཅོ་ལྔའི་ཟླ་བ་སྟེ། །
དམར་ཆུང་སེམས་སུ་ལྦ་ལེར་འཆར་བའི་མོད། །
ཨ་མས་བསྐྱངས་པའི་བཀའདྲིན་ཡོད་ཚད་ནི། །
ལྷང་མེར་དྲན་པས་སྙིང་ཡང་གས་གྲ་བྱས། །
ཨ་མ་ཁྱེད་ཉིད་ཕེབས་པའི་རྗེས་སོར་ན། །
བུ་ང་མ་བསྡད་ངེས་མེད་ལྷོ་རུ་འཕྱན། །
སྐད་དང་རིགས་རུས་མི་གཅིག་ཡུལ་དེ་ན། །
རྒྱུས་མངའ་ཡོད་པ་གནམ་ས་ཙམ་དུ་ཟད། །
ནྰ་ལེན་ཌ་ཡི་ཟླ་ལ་འགྲན་ཕོད་པའི། །
རབ་བརྗིད་མཁས་མང་བློ་གསལ་བྱེ་བའི་རུ། །
བགྲང་བྱ་ལྔ་ཚན་གསུམ་དང་ལོ་གཉིས་སུ། །
ལྔ་རིག་དགའ་ཚལ་གླིང་དུ་གོམ་བགྲོད་བྱས། །
འོན་ཀྱང་བདག་ནི་བློ་རིག་དམན་པ་ཡིས་། །
ཁ་དོག་དཀར་དམར་རིགས་ལམ་འགྲོ་སྟངས་དང་། །
སུམ་རྟགས་སྙན་གསུམ་མངོན་བརྗོད་སྡེབ་སྦྱོར་སོགས། །
དེ་དག་མཐོང་ཚེ་མགོ་བོ་གདུགས་ལྟར་འཁོར། །
སྐྱེས་སྦྱངས་ཤེས་ཡོན་ཕོངས་པས་བདག་ཡིད་སྐྱོ། །
འདོད་ཡོན་ནོར་གྱིས་ཕོངས་པས་འགྲན་སེམས་ཆུང་། །
གཉེན་ཉེ་གྲོགས་ཀྱིས་ཕོངས་པས་ཁེར་རྐྱང་བདེ། །
ཤི་ན་རོ་བདག་མེད་པས་གྲྭ་མྱོན་སྐྱིད། །