བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བ།

སྐུ་མགྲོན་རྣམ་པ་སྣེ་ལེན་ཞུས་པ་དང་། སློབ་མ་ཚོ་རུ་བསྒྲིགས་ཏེ་རྩེད་ཐང་དུ་རོལ་མོ་དང་སྦྲགས་ནས་བོད་ཁྱིམ་གྱི་ལྔ་བཅུའི་དྲན་གླུ་དང་། བོད་རྒྱལ་ཁབ་ཀྱི་རྒྱལ་གླུང་བཏང་ཡོད་པ་རེད།

tcv_30_october5དྷ་སར་བོད་ཁྱིམ་གྱི་དུས་དྲན་ཉིན་དེར་ནམ་རྒྱུན་༧གོང་ས་མཆོག་ཆིབས་བསྒྱུར་གནང་བ་དང་། དེ་བཞིན་དེ་རྒྱ་ཆེའི་སེར་སྐྱ་མི་མང་ཧ་ཅང་འབོར་ཆེན་འཛོམས་ནས། མཛད་སྒོ་ཚར་རྗེས་མཚོ་ཐང་དུ་སོ་སོས་སྤྲོ་སྐྱིད་གཏོང་སྲོལ་ཡོད་པ་ལྟར། ད་ལོ་ཡང་མི་མང་འབོར་ཆེན་འཛོམས་ཡོད་པ་མ་ཟད། ལོ་ལྔ་བཅུ་འཁོར་བའི་དམིགས་བསལ་དུས་དྲན་ཡིན་པས། སློབ་གྲྭའི་ངོས་ནས་དང། སློབ་མ་ཟུར་པ་ཚོའི་ངོས་ནས་རྩེད་རིགས་འདྲ་མིན་གོ་སྒྲིག་བྱས་ཡོད་པ་རེད།

 

མཛད་སྒོའི་ཐོག་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང། བཀའ་བློན་ཁྲི་པའི་སྐུ་ཚབ་ཆོས་དོན་བཀའ་བློན་ཚེ་རི་ཕུན་ཚོགས་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་སྐབས། སློབ་མ་ཚོའི་བོད་མི་རིགས་ཀྱི་འགན་ཁུར་དགོས་པ་དང། སློབ་སྦྱོང་ཚད་ལྡན་དགོས་སྐོར། དེ་བཞིན་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་ཐུབ་ན་ཡག་པོ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་། དེ་རྗེས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་རེད།

 

tcv_30_october2མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དེ་རིང་གི་ལས་བསྡོམས་ནང་དུ་ཞིབ་ཚགས་པོ་བྱས་ནས་རྒྱས་ཐག་ཆོད་འདུག ཞེ་དྲག་ཡག་པོ་རེད། མང་པོ་ཞིག་ལ་འགོ་སྟོད་ཚགས་ཚུད་པོ་ཡོད་པ་དང་། ལོ་མང་པོ་ཕྱིན་པའི་རྗེས་སུ་འཆར་ཅན་ལྟ་བུར་གྱུར་ནས། ཏོག་ཙམ་འཐུས་ཤོར་འགྲོ་བ་ཡོད་སྲིད་པ་ཞིག་རེད། དེ་ཚོར་དམིགས་བསལ་གཟབ་གཟབ་བྱེད་དགོས་པ་རེད། སྒྲིག་འཛུགས་གང་སར། ཚང་མར་བཤད་བསྡད་ཡོད། ང་རང་ཚོའི་ཡག་ས་དང་བསྟོད་ར་གཏོང་རྒྱུའི་ཡུལ་དེ་ཚོར། བསྟོད་ར་མིས་གཏོང་གི་རེད། ང་རང་ཚོས་ནང་དུ་སྐྱོན་ཆ་ག་རེ་འདུག འཐུས་ཤོར་འགྲོ་བའི་ཉེན་ཁ་གང་དུ་འདུག དེ་ཚོར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་འབོད་སྐུལ་བྱས་བསྡད་ཡོད། ཁ་ཐུག་སོ་སོས་ངོ་སྤྲོད་བྱས་ཏེ། འདི་འཐུས་ཤོར་འགྲོ་ཡི་འདུག གཟབ་གཟབ་བྱེད་དགོས་པར་བཤད་དགོས་པ་གལ་ཆེན་པོ་རེད། དཔེར་ན། ཉེ་ཆར་མར་ཟས་དུག་བྱུང་ནས། (དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་ཟས་དུག་བྱུང་བ།) དེ་རྗེས་ང་ལ་ཐུགས་དམ་གནང་རོགས། འཚུབ་པོ་འདུག་ཅེས་བཤད་མཁན་བྱུང། ངས་ཡིག་ཚང་དུ་དེ་འཚུབ་པོ་ཡོད་པའི་སྐད་ཆ་མ་རེད། སོ་སོས་ལས་ཀ་ཚགས་ཚུད་པོ་མ་བྱས་ནས། འཐུས་ཤོར་རེད། དེ་བར་ཆད་རེད་བཤད་ན་ནོར་འཁྲུལ་རེད། དེར་ཞབས་བརྟན་བསྒྲུབ་ནས་ཕན་གྱི་ཡོད་པ་མ་རེད། ང་རང་ཚོའི་བོད་ལུང་པ་སྤྱིའི་གནས་ཚུལ་ལ་ཆ་བཞག་ན། མི་ཐོག་གོང་མ་དེ་ཚོས་མ་འཇོན་པ་བྱས། དངོས་ཡོད་གནས་ཚུལ་ལ་དོ་སྣང་མ་བྱས་ནས། ཚུར་དེར་ཞབས་བརྟན་བསྒྲུབས་ནས་བསྡད་པས། ད་ལྟ་ང་ཚོ་ལུང་པར་བྲལ་བསྡད་ཡོད་པ་རེད། སོ་སོས་མ་བྱས་པའི་སྐད་ཆ་རེད་མ་གཏོགས་བར་ཆད་བྱུང་བ་མ་རེད། ནམ་རྒྱུན་ཁ་ལག་གི་རྒྱུ་བཅའ་དང་། ཐབས་ཚང་ནང་གི་གཙང་སྦྲ་དེ་ཚོར་དོ་སྣང་བྱས་ནས་ཚགས་ཚུད་པོ་བྱས་ན་དེ་འདྲ་ཡོང་གི་མ་རེད། ཚགས་ཚུད་པོ་མ་བྱུང་ནས་སྐྱོན་ཆ་བྱུང་བ་རེད། སྐྱོན་ཆ་བྱུང་རྗེས་འཚུབ་པོ་འདུག་ཅེས་བརྗོད་ན་ནོར་འཁྲུལ་རེད། དེ་ལག་པ་འཕྱི་སའི་སྐད་ཆ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་འཐུས་ཤོར་སོ་སོས་བཏང། དེ་ནས་གཞན་པ་ཞིག་གིས་ཅིག་བྱས་སོང་མདོག་བྱས་ན་ཡག་པོ་མི་འདུག གཟབ་གཟབ་བྱས་ནས་འཐུས་ཤོར་མ་སོང་བྱེད་རྒྱུ་དེ་གལ་ཆེན་པ་རེད།

དེ་རིང་བཀའ་བློན་ཁྲི་པའི་ཚབ་བྱས་ནས་ཆོས་དོན་བཀའ་བློན་གྱིས་ལྷག་བསམ་རྣམ་དག་འགན་ཁུར་ཡོད་པའི་ཐོག་ནས་གསུང་བཤད་གནང་སོང་། དེ་ལས་ལྷག་ང་བཤད་རྒྱུ་མེད། ད་ལྟ་ང་ཚོ་མང་གཙོའི་ལམ་དུ་ཕྱིན་ནས། ངའི་གནས་སྟངས་ཕྱེད་རྒན་ཡོལ་གྱི་ཐོག་ཏུ་འགྲོ་བསྡད་ཡོད་པ་དང་། རིམ་པས་རྒན་ཡོད་ཆ་ཚང་ལ་འགྲོ་བའི་མཚམས་སུ་སླེབས་བསྡད་ཡོད་པ་རེད། ཁྱེད་རང་ཚོ་འགན་ཁུར་མཁན་ཚོས་དངོས་གནས་བསམ་པ་རྣམ་དག་གིས་དུས་རྒྱུན་འགན་ཁུར་གྱི་ཡོད་པས། ཚང་མས་ཤེས་ཀྱི་ཡོད་པ་རེད། ནམ་རྒྱུན་འགན་ཁུར་མེད་ན་དེ་ཙམ་ཤེས་ཀྱི་ཁག་པོ་རེད། ཡག་པོ་ཞེ་དྲག་བྱུང་འདུག ང་དགའ་པོ་བྱུང། སོ་སོས་བོད་པ་ཡིན་པའི་འདུ་ཤེས་ཤིག་བཟུང་། དེའི་ཐོག་བོད་སྤྱི་པའི་འགན་ཁུར་ཞིག་བླངས། གཞིས་ལུས་རྒྱ་ཆེའི་མི་མང་གིས་དཀའ་ངལ་འོག་རང་དབང་ལུང་པར་ཡོད་མཁན་ཚོར་རེ་བ་ཞིག་གཏོད་གི་ཡོད་པ་རེད། རེ་བ་གཏོད་སའི་ཡུལ་ཡིན་བསམས་ནས་ཚང་མས་འགན་ཁུར་བླངས་ཏེ། དོན་ངོ་མའི་ཐོག་སྤྱི་སེམས་བླངས་ནས་གཟབ་གཟབ་བྱེད་རོགས་བྱས། དེ་བཞིན་ཚོགས་གཙོ་གཞོན་པས་གསུང་བཤད་གནང་བ་ཞེ་དྲག་ཡག་པོ་འདུག ཁྱེད་རང་ཚོས་སེམས་ལ་ཟུང་།

ཁོང་ཚོས་གསུང་བཤད་ན་མེད་པ་ཞིག་ལ། ངས་ནམ་རྒྱུན་ནང་པའི་ཆོས་པ་ཞིག་གི་ངོས་ནས་ཞོར་ལ་གཉིད་སད་པ་དང་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་བརྒྱབ་བསྡད་ཡོད་པ་རེད་ཅེས་བདེ་བ་འདོད་མཁན་ཚང་མའི་སྐོར་ལ་ལྷག་བསམ་གྱིས་སྐད་ཆ་བཤད་ཡོད་ཀྱི་ཡོད་སྐོར་དང། སེམས་ཀྱི་བྱམས་བརྩེ་དང་ཆོས་ལུགས་མཐུན་སྒྲིལ་གལ་ཆེན་པ་ཡིན་སྐོར་དང་། ཁོང་གིས་ཐུགས་འགན་བཞེས་ཀྱི་ཡོད་སྐོར་དང་། བོད་པའི་རིག་གཞུང་གལ་ཆེ་ཤོས་དེ་ནང་པའི་ཆོས་ཡིན་སྐོར་སོགས་བཀའ་སློབ་བསྩལ་ཡོད་པ་རེད།།