བཅུ་པའི་བཅུ་དགུའི་སློབ་ཕྲུག་ཡར་ལངས།

མདོ་སྨད་ཡུལ་དུ་སྔ་ཕྱི་བྱུང་བའི་ཡར་ལངས་ཆེན་མོ་ལས་འགུལ་དེ།།

མཁྱེན་རྒྱ་ཅན་གྱི་བོད་པ་ཚོ་ཡིས་དྲ་རྒྱར་གནས་ཚུལ་མཁོ་གཏོང་བྱས།།

རྒྱལ་ཁབ་འདྲ་མིན་མི་སྣ་མང་པོས་དྲ་རྒྱ་ལྟ་བར་རབ་ཏུ་བྲེལ།།

ལ་རྒྱ་ཅན་གྱི་ཕྱི་ནང་བོད་མིས་སེམས་ཤུགས་མེ་ཚ་ཤིང་གཤགས་གྱུར།།

བོད་དང་འདྲ་བའི་གྲངས་ཉུང་མི་རིགས་ཡུ་གུར་མཐོ་རིམ་སློབ་མས་ཀྱང་།།

བོད་ལ་གདུང་སེམས་མཉམ་བསྐྱེད་ཡིན་པའི་ཞི་བའི་ངོ་རྒོལ་རྒྱབ་སྐྱོར་བྱས།།

བོད་དང་མཚུངས་པའི་གྲངས་ཉུང་མི་རིགས་སོག་པོ་ལ་སོགས་གཞན་དག་ཀྱང་།།

བོད་ལ་རྒྱབ་སྐྱོར་སེམས་ཁོང་བྱེད་པ་ང་ཚོ་མིག་གིས་ག་ལ་མཐོང་།།

སྐད་ཡིག་སྲུང་སྐྱོབས་ལས་འགུལ་འདི་ནི་རྨད་དུ་བྱུང་བའི་དོན་ཆེན་ཞེས།།

བདག་གིས་ཁ་ཁོག་གཅིག་ནས་ཕྱུང་བའི་ཁ་གཡང་སེང་གེ་གད་རྒྱང་ཡིན།།

བཙན་པོའི་རིགས་རྒྱུད་འཁྲུལ་མེད་ཡིན་པ་ལ་རྒྱ་ཅན་གྱི་བོད་རིགས་ཚོ།།

རྩོམ་འདི་བཀླག་དང་མངར་སྐྱུར་ཚོར་ཤུགས་མི་འཕེལ་རང་དབང་ག་ལ་ཡོད།།

ཨེ་མ་མདོ་སྨད་ཤེས་ཡོན་པ་ཚོས་མི་རིགས་སྲོག་རྩ་སྐད་ཡིག་འདི།།

རང་གི་སྲོག་ལྟར་བདག་གཅེས་བྱེད་པ་ཁོ་བོའི་སེམས་ལ་འཛུམ་མདངས་རྒྱས།།

ཨོ་ཨོ་ཁྱེད་ཅག་བློ་ཁོག་དེ་ན་སྲོང་བཙན་སྒམ་པོ་ཞུགས་པ་འདྲ།།

ཨ་ཨ་འདི་འདྲ་རྨི་ལམ་ཨེ་ཡིན་བདག་གི་སེམས་ནི་འཕྱང་མོ་ཉུག།

བྱ་དཀའ་སྤྱོད་པ་འདི་འདྲར་ཞུགས་པ་སླ་མོའི་ལས་ཤིག་ག་ལ་ཡིན།།

མ་བགྲོད་བསམ་པ་གཅིག་ཏུ་མཐུན་པའི་རླབས་ཆེན་འབོད་སྒྲ་སྲིད་ན་བརྗིད།།

ཁམས་དང་དབུས་སུ་ཤེས་ཡོན་སྲིད་ངན་སླེབས་པའི་ཉིན་གྱི་དུས་དེ་ནས།།

ན་ཆུང་སློབ་མའི་ངོ་རྒོལ་དེ་ཡང་ཆར་རྗེས་ཤ་མོའི་རྣམ་གྲངས་འགྱུར།།

དེ་ཚེ་དུག་སྦྲུལ་གུང་ཁྲན་དཔོན་ངན་འགྱོད་པ་སྐྱེས་ཀྱང་འཕྱི་དྲག་ཡོང་།།

བསམ་སྦྱོར་ངན་པའི་ལས་སྦྱོར་དེ་དག་ཕྱི་འཐེན་བྱ་རྒྱུ་ཨེ་ཡོད་དམ།།

མཐོ་སྒང་བོད་རིགས་སྲོག་རྩ་གཅོད་པའི་གཡོ་ཇུས་ང་ཚོས་ཤེས་ཚར་སོང་།།

དངོས་ཤུགས་བརྒྱུད་གསུམ་དུག་རྩ་སྡོང་པོ་རྩ་ནས་བཀོག་པའི་ལས་བཟང་མཛོད།།

ཕྱི་ལོ་༢༠༡༠ཟླ་༡༠ཚེས་༣༠དགོང་མོ་སློབ་གྲྭ་གྲོལ་རྗེས་ཡུལ་གུར་སློབ་མས་བོད་པའི་སློབ་མར་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པ་མཐོང་རྗེས་བྲིས།