རྗེས་དྲན་ཨཱ་དེའི་བུའི་རྔ་སྒྲ།
མདུན་ཅོག་ཤིང་བྱང་སྐད་ཡིག་འཕེལ་རྒྱས་དང་།།
མི་རིགས་སློབ་གསོའི་བརྗོད་གཞི་མཛེས་ཤིང་བརྗིད།།
ད་དུང་དངོས་བཤམས་མཆོད་ཡོན་བསིལ་བའི་ཆབ།།
ཞིམ་མངར་བདུད་རྩི་ལྟ་བུའི་བཏུང་བ་བཤམས།།
སྲིད་པའི་གངས་རྒན་བཞག་ར་དཀར་པོ་ཡང་།།
དབུ་རྩེ་བཅོ་བརྒྱད་ནོར་བུ་ཆུ་ཤེལ་ལྟར།།
སྐུ་རྒྱབ་དབྱངས་སུ་འགྱིང་བ་ལྷེམ་མེར་བར།།
རྒྱང་རིང་གངས་ཅན་མགོན་པོ་སྒུག་ལ་རིངས།།
ཉན་ཤུལ་མེས་པོ་ཞིག་གི་འཇམ་དབྱངས་ཀྱི།།
མཚན་བརྗོད་འབུམ་གཅིག་བརྗོད་པའི་ཉེར་ལེན་གྱིས།།
རིགས་རྒྱུད་སྙིང་ལ་འཇམ་དབྱངས་ཞུགས་པའི་མཐུས།།
མི་རབས་ཀུན་ཏུ་ཐུགས་རིག་བཀྲ་བ་ལགས།།
འཆད་ན་རྒྱལ་ཚབ་རིན་ཆེན་རྗེས་སུ་འགྲོ།།
རྩོད་ན་མཁས་གྲུབ་རྗེ་ཡང་མཉེས་པར་མཛད།།
རྩོམ་ན་འཇམ་དབྱངས་བླ་མའི་གསུང་ལྟར་འཇེབས།།
ངའི་སློབ་དཔོན་དམ་པའི་རང་བཞིན་ལགས།།
ཐོས་པས་ཡངས་པའི་མཁའ་ཡང་དོག་བར་མཛད།།
བསམ་པས་རབ་འབྱམས་གཞུང་ལུགས་སྲབ་མོར་གནས།།
སྒོམ་པས་ཞི་ལྷག་གཉིས་ཀྱང་ཟུང་དུ་འབྲེལ།།
ང་ཡི་སློབ་དཔོན་དམ་པའི་རང་བཞིན་ལགས།།
མཁས་པས་ཁམས་པའི་ཡུལ་ན་འགྲན་དུ་མེད།།
བཙུན་པས་ཡོན་ཏན་འོད་ཀྱང་རབ་ཏུ་དགྱེས།།
བཟང་བས་གདུལ་བྱའི་མཐའ་དག་ཚིམས་པར་མཛད།
ང་ཡི་སློབ་དཔོན་དམ་པའི་རང་བཞིན་ལགས།།
སྐུ་ལ་བསྙུན་མི་མངའ་ཞིང་བརྗིད་བག་ཅན།།
གསུང་ལ་འགག་པ་མེད་ཅིང་ཚད་མའི་གསུང་།།
ཐུགས་ལ་འཁྲུལ་བ་མི་སྲིད་ཆོས་ཀུན་ཆུབ།།
ང་ཡི་སློབ་དཔོན་དམ་པའི་རང་བཞིན་ལགས།།
བོད་ཀྱི་ཤར་མཐའ་དར་རྩེ་མདོ་ཆེན་ན།།
དར་མདོ་དགེ་འོས་སློབ་གྲྭ་ལོ་གཅིག་རིང་།།
ཉིད་ཀྱི་ཞབས་ལ་སྙན་གཞུང་མེ་ལོང་མར།།
ཐོས་པ་གནད་དུ་སོང་བས་ཁྱེད་ཉིད་དྲན།།
དེ་ན་གཟིམ་ཤག་ཆེན་མོའི་མཆོད་ཁང་དུ།།
ཉིད་ཀྱིས་བསླབས་ཟིན་རང་སྦྱོང་འབྲི་བའི་སྐབས།།
རྒྱན་གཅིག་དཔེ་བརྗོད་ཤོ་ལོ་ཀ་རེ་ཡང་།།
འབྲི་ལ་རིང་དུ་འགོར་བའི་གནས་ཚུལ་དྲན།།
ཞྭ་སར་ལུགས་བཟང་འཛིན་ལ་འགྲན་མེད་པའི།།
མཁས་པའི་དབང་པོ་དམུ་དགེ་བསམ་གཏན་དྲུང་།།
ཉིད་ཀྱིས་སྙན་དངགས་དཔེ་བརྗོད་བརྗོད་བྱའི་སྲོག།།
འཇམ་དབྱངས་བླ་མ་ཡིན་ཞེས་གསུངས་པ་དྲན།།
དེ་ལྟར་གསུངས་པས་བདག་ཀྱང་དཔེ་བརྗོད་ཀུན།།
༸གོང་ས་རྒྱལ་བའི་དབང་པོ་སྐུ་གསུང་ཐུགས།།
བརྗོད་བྱའི་སྙིང་དུ་བཟུང་སྟེ་བྲིས་པ་འགའ།།
ད་ལྟ་མཐོང་ཚེ་ཁྱེད་ཉིད་ལྷག་པར་དྲན།།
ཀློག་གི་སྨྲ་རྗོད་མ་དག་ཁོ་བ་ལ།།
རོང་རྒན་ཁྱོད་ཚོས་ལྕེའི་རྩེ་ཟད་པ་ལྟར།།
སྔོན་རྗེས་སྒྲ་མེད་ཀློག་ཅེས་བཀའ་བཀྱོན་པ།།
ལན་ཅིག་མིན་པ་ཡང་ཡང་གསུངས་པ་དྲན།།
འོན་ཀྱང་དེའི་ཚེ་ཁོ་བོ་ཞེ་ཁོག་ན།།
བཀའ་གསུང་དུང་ལེན་གང་ཐུབ་བྱ་རྒྱུ་ལས།།
སློབ་དཔོན་བཀའ་བཀྱོན་སེམས་ལ་ཕོག་མ་མྱངས།།
དེ་དག་བསམས་ཚེ་སློབ་དཔོན་ལྷག་ཏུ་དྲན།།
ཉིན་ཞིག་སློབ་གྲྭ་གུང་གསེང་སྟབས་བསྟུན་ཏེ།།
མཁས་དབང་མཁྱེན་རབ་འོད་གསལ་མཇལ་བར་ཁྲིད།།
དུས་དེར་ཁམས་པའི་མཐོ་སློབ་གཟིམ་ཤག་ཏུ།།
ཞང་དབོན་བགྲོ་གླེང་གསན་པའི་བདག་རྒྱུ་སྨིན།།
སྤང་འདིར་ཀོར་ཐིག་ཁོ་བོས་འཐེན་པའི་ནང་།།
རྩྭ་རྐང་རེ་རེའི་མིང་དུ་མ་ཤེས་ཚེ།།
མ་ཤེས་པ་ནི་ད་དུང་མང་ངོ་ཞེས།།
ཉིན་ཞིག་སྤང་ལ་བསྡད་ཚེ་གསུངས་པ་དྲན།།
དེ་ཚེ་བདག་གིས་རེའུ་མིག་དེ་ཡི་ནང་།།
རྩྭ་དང་མེ་ཏོག་ས་དང་རྡོ་འབུ་སོགས།།
རེ་རེར་བལྟས་ཀྱང་ངོས་འཛིན་མ་ཐུབ་པ།།
ཉིད་ཀྱིས་ཐོགས་མེད་གསུང་པས་ཡིད་དབང་འཕྲོག།
ཀ་བཞི་དགོན་པའི་གྲྭ་མང་ཚོགས་པའི་དབུས།།
བདག་ལ་བསྟོད་པའི་གསུང་ནི་འབྲུག་ལྟར་ལྡིར།།
ཉ་མཚོ་དགོན་པར་སུམ་རྟགས་འཁྲིད་པའི་སྐབས།།
ཁོ་བོར་རིག་པ་བཟང་ཞེས་བསྟོད་པ་དྲན།།
ཤིང་ནག་ལས་ཁུངས་ཨེམ་རྗེ་གདན་ཞུ་སྐབས།།
ཉ་མཚོ་དགོན་པའི་གྲྭ་གྲངས་ལྔ་བཅུའི་ལྷན།།
ཐོག་མར་སློབ་དཔོན་མཇལ་ཏེ་སུམ་རྟགས་སྦྱང་།།
བདག་ལ་དམིགས་བསལ་དགྱེས་གཟིགས་གནས་ཚུལ་དྲན།།
མིག་ཉག་ཀ་བཞིའི་དགོན་དུ་གྲྭ་མང་ལ།།
རྒྱལ་སྲས་ཞི་བ་ལྷ་ཡི་སྤྱོད་འཇུག་འཁྲིད།།
དོན་གྱི་རྒན་པོ་ཚིག་གི་འཁེལ་བ་ལ།།
ཇི་ལྟར་བརྟེན་པའི་དོན་རྣམས་མ་ལུས་འགྲེལ།།
ཧེ་མ་ལ་ཡའི་རི་བོའི་ཕར་རྒྱབ་ན།།
སློབ་བུ་ཡོན་ཏན་ཆོས་སྤྲིན་རྒྱ་མཚོ་པས།།
སྐྱེ་བ་ཀུན་ཏུ་རྗེས་འཛིན་གསོལ་འདེབས་བཅས།།
གུས་པས་ཕུལ་བ་འདི་ཡང་དོན་འགྱུར་ཤོག། །།
༢༠༡༠ཟླ་༡༡་ཚེས་༠༧ཉིན་ཁམས་པའི་དྲ་རྒྱ་ནས་དགེ་བའི་བཤེས་གཉེན་ཆེན་པོ་བདག་ལ་ལྷག་པར་དུ་བཀའ་དྲིན་ཆེ་བའི་མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པའི་ངོ་སྤྲོད་མདོར་བསྡུས་མཇལ་བས་དུང་ཞིང་དད་པས་བྲིས་པ་དགེ་བར་གྱུར་ཅིག། །།
