དེ་རིང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལ་ཉན་པའི་བསམ་ཚུལ།
རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་འདྲ་མཉམ་དགོས་པར་ཤོད་ཀྱི་ཡོད་ཟེར། ཁོང་གིས་མུ་མཐུད་བཤད་དོན། (པཎ་ཆེན་སྐུ་གོང་མས་ཡིན་པ་ཡིན་ན་ཡང་ཐེངས་མོར་གསུངས་ཡོད་རེད། འབའ་བ་ཕུན་ཚོགས་རྣམ་རྒྱལ་གཙོས་རྒྱ་ནག་ནང་བཞུགས་མཁན་ཚོས་ཡིན་པ་ཡིན་ན་ཡང་འདྲ་མཉམ་དགོས་ཟེར་གྱི་ཡོད་རེད།) ཅེས་སོགས་དྲི་བ་ཁག་ལ་ལན་འདེབས་གནང་བཞིན་ཡོད་པའི་གསར་འགྱུར་ཞིག་ཚོར་རྒྱུ་འདུག ཁོང་གིས་བཤད་པའི་སྙིང་དོན་ངོ་མ་དེ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ཡོད་པའི་འདྲ་མཉམ་དེ་བྱུང་བ་ཡིན་ན་བོད་རྒྱའི་དཀའ་རྙོག་དེ་ཡང་དེས་འགྲིག་གི་ཡོད་པ་འདྲ་ཞིག་གསུང་གི་འདུག
གནད་དོན་འདི་ལ་བོད་དོན་ཐོག་ལ་སེམས་ཁུར་ཡོད་མཁན་ཞིག་གི་ངོས་ནས་བསམ་ན་སེམས་འཚབ་ལངས་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད། བོད་ཀྱི་གནད་དོན་འདི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་གནད་དོན་ཡིན་པ་དང་། བོད་ཀྱི་རྒྱལ་ཁབ་དེ་རྒྱ་ནག་གིས་བཙན་བཟུང་བྱས་ནས་ལོ་ ༥༠ ལྷག་ལས་སོང་མེད་པར་བརྟེན་ད་རུང་ང་ཚོས་འདི་ཙམ་སེམས་ཤུགས་ཆགས་དགོས་པ་དང་སྡར་སྐད་ཤོར་དགོས་པའི་དུས་སུ་སླེབས་མེད། བོད་དོན་འཐབ་རྩོད་དེ་མུ་མཐུད་མཇུག་སྐྱོང་བྱེད་ཐུབ་ཚེ་ང་ཚོའི་བདེན་མཐའ་གསལ་ཐུབ་པར་རང་བཙན་ཐོབ་མཁན་རྒྱལ་ཁབ་གཞན་པ་ཁག་གི་ལོ་རྒྱུས་ཀྱིས་གསལ་སྟོན་བྱས་ཡོད། དེར་བརྟེན་བོད་ཀྱི་གནད་དོན་དེ་ལས་སླ་བོའི་ཐོག་མེད་པ་བཟོ་མི་རུང་།