༧གོང་ས་མཆོག་རྒྱ་གར་གྱི་དབུ་ཁྲིད་ལྷན་ཚོགས་སུ་ཕེབས་པ།

༧གོང་ས་མཆོག་གིས་བཀའ་ལན་གནང་དོན། ཕྱི་ལོ་༡༩༨༦ ཙམ་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང། ང་ཕོད་ངག་དབང་འཇིགས་མེད། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་གནད་ཡོད་མི་སྣ་ལྷན་ཚོགས་ཀྱིས་བོད་ཡིག་དེ་གཞུང་འབྲེལ་གྱི་སྐད་ཡིག་ཏུ་བཟོ་རྒྱུའི་ཐག་གཅོད་གནང་ཡོད། དེ་ལ་བརྟེན་ནས་བོད་ཀྱི་གནའ་རབས་དཔེ་དེབ་ཁ་ཤས་བསྐྱར་གསོ་བྱེད་རྒྱུར་བློ་སྤོབས་གོང་འཕེལ་ཕྱིན་ཡོད། འོན་ཀྱང་ཁྲན་ཁུའུ་ཡོན་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆགས་རྗེས་ལས་རིགས་དེ་དག་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་མ་ཟད། ཁྲན་གྱིས་བོད་བརྒྱུད་ནང་བསྟན་དེ་ཉེན་ཁ་ཞིག་རེད་ཅེས་བཤད་ཡོད། ཉེ་ཆར་ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ལས་བྱེད་ཁག་གཅིག་དང་ཐུག་འཕྲད་སྐབས་ཁོང་ཚོས་ང་ལ་ཁྲན་ཁུའུ་ཡོན་འགོ་ཁྲིད་དུ་བསྐོ་གཞག་བྱས་པ་ནས་བཟུང་ཡིག་སྒྱུར་ཆ་ཚང་རྒྱ་ཡིག་གི་དེབ་ནས་མ་གཏོགས་བོད་ཡིག་ནས་བྱེད་བཅུག་མེད། དེ་བཞིན་བོད་རིགས་གཞན་ཁག་ཅིག་དང་ཐུག་འཕྲད་སྐབས་སུའང་ཁོང་ཚོས་དེང་སྐབས་བོད་ནང་རིག་གནས་གསར་བརྗེའི་ཆ་ཤས་ལག་བསྟར་བྱེད་བཞིན་འདུག དེ་ལྟར་བྱས་ཚེ་བོད་པའི་སྐད་ཡིག་དེ་གང་མྱུར་ཤུལ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་ལུགས་བརྗོད་བྱུང་ཞེས་སོགས་བཀའ་ལན་གནང་འདུག

sanjoy-narayan1-thumb-600xauto-307དེ་རྗེས་ཚེས་༡༩ དང་༢༠ ཉིན་གཉིས་ཀྱི་རིང་ལ་རྒྱ་གར་གྱི་གྲགས་ཅན་ཚགས་པར་ཧིན་དྷུ་སི་ཐཱན་དུས་བབ་གསར་ཁང་གི་གོ་སྒྲིག་འོག་རྒྱ་གར་གྱི་དུས་བབ་དབུ་ཁྲིད་ལྷན་ཚོགས་སུ་༧གོང་ས་མཆོག་དང་། རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག དེ་བཞིན་རྒྱ་གར་གྱི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་རཱི་ཤི་ཀ་པུར་དང་། ཁོང་གི་བུ་གློག་བརྙན་འཁྲབ་སྟོན་པ་རཱན་བྷིར་ཀ་པུར་སོགས་གནད་ཡོད་མི་སྣ་༢༦ གིས་ཉིན་གཉིས་རིང་གསུང་བཤད་གནང་ཡོད་པ་རེད།

ཚོགས་ཐོག་ཏུ་ཁྱོན་མི་གྲངས་༡༧༠༠ ལྷག་འདུ་འཛོམས་བྱུང་བའི་ཚོགས་མགོན་དུ་༧གོང་ས་མཆོག་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས་ཏེ་དཀའ་རྙོག་གི་དུས་ཚོད་ནང་བདེ་སྐྱིད་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་དོན། འཛམ་གླིང་འདིའི་སྟེང་དཀའ་ངལ་མི་འདྲ་བ་གཉིས་ཡོད། དེ་ནི་ཕྱི་ལུས་པོའི་དཀའ་ངལ་དང་ནང་སེམས་ཀྱི་དཀའ་ངལ་རེད། དེང་དུས་དཔལ་འབྱོར་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་ཡོད་པས་ལུས་པོའི་དཀའ་ངལ་དེ་ཉུང་དུ་ཕྱིན་ཡོད། འོན་ཀྱང་ཡར་རྒྱས་དེ་དག་གི་རྐྱེན་གྱིས་ནང་སེམས་ཀྱི་དཀའ་ངལ་མང་དུ་ཕྱིན་ཏེ་སེམས་མ་སྐྱིད་པ་བཟོ་ཡི་ཡོད། དེང་དུས་སེམས་མ་སྐྱིད་པའི་ཚད་གཞི་མཐོ་རུ་འགྲོ་དགོས་དོན་ནི་ཕན་ཚུན་འགྲན་རྩོད་ཤུགས་ཆེན་ཡོད་པའི་རྐྱེན་གྱིས་ཡིན། ཀ་ལི་ཀ་ཏ་དང་ལྡི་ལི་ལྟ་བུ་གྲོང་ཁྱེར་ཆེ་ཁག་ནང་དཀའ་ངལ་དེ་དག་ཤུགས་ཆེ་བ་ཡོད་ཅེས་དང་།

རྒྱ་གར་དང་བོད་དབར་གྱི་འབྲེལ་བ་ནི་དགེ་སློབ་ཀྱི་འབྲེལ་བ་རེད། ང་ཚོས་རྒྱ་གར་མཁས་དབང་ཚོའི་མདུན་ནས་སློབ་སྦྱོང་མང་པོ་སྦྱངས་ཡོད། ངས་དུས་རྒྱུན་དུ་ནུབ་ཕྱོགས་ཀྱི་ཆོས་ཞུ་བ་ཚོར་དཔལ་ནཱ་ལེནྡྲའི་མཁས་དབང་གི་ལྟ་གྲུབ་སྦྱོང་མཁན་སློབ་མ་ཞིག་ཡིན་ཞེས་ངོ་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་རང་ཚོས་ང་ཚོ་ཡིད་བརྟན་འཕེར་བའི་སློབ་མ་ཞིག་ལ་ངོས་ལེན་བྱེད་དགོས་ཞེས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད།

ranbir-kapoor-thumb-600xauto-315དེ་རྗེས་དྲི་བ་ཁག་ཅིག་ལ་བཀའ་གནང་བའི་ནང་ནས་ཡང་སྲིད་སྐོར་ལ་༧གོང་ས་མཆོག་གིས་བཀའ་ལན་གནང་དོན། དྲི་བ་འདི་ངས་གལ་ཆེན་པོ་མཐོང་གི་མེད། འོན་ཀྱང་ངའི་ཡང་སྲིད་ངོས་འཛིན་བྱེད་མིན་དེ་བོད་རྒྱ་ཆེའི་མི་མང་གིས་ཐག་གཅོད་བྱེད་དགོས་པའི་སྐོར་ལོ་བཅུ་ཕྲག་མང་པོའི་སྔོན་ནས་གསལ་བསྒྲགས་བྱས་ཟིན། ཡིན་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་ནས་ངོས་ཀྱི་ཡང་སྲིད་ཀྱི་གནད་དོན་དེ་ཛ་དྲག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག བོད་མི་ཚོར་ཏཱ་ལའི་བླ་མའི་སྒྲིག་འཛུགས་འོག་གནས་འདོད་ཡོད་ཀྱི་རེད། འོན་ཀྱང་ལོ་སུམ་ཅུ་བཞི་བཅུའི་རྗེས་ཀྱི་གནས་ཚུལ་རྣམས་སུས་ཀྱང་ཤེས་ཐབས་ཡོད་མ་རེད་ཅེས་གསུངས་ཡོད་པ་རེད།

དེ་ནས་རྡ་སར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གིས་དབང་པོའི་འཇིག་རྟེན་ཞེས་པའི་བརྗོད་གཞིའི་འོག་དབང་པོ་ལྔའི་སྒོ་ནས་ནང་ཆོས་དང་ཚན་རིག་དབར་གྱི་ལྟ་ཚུལ་འདྲ་མིན་གྱི་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་ཞུས་པ་དེ་༧གོང་ས་མཆོག་གིས་དབུ་འབྱེད་གནང་བ་དང། དེ་རྗེས་ལྡི་ལིར་ཡོད་པའི་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་ཞེས་པ་དབུ་བརྙེས་ནས་ལོ་ངོ་༢༥ འཁོར་བའི་དུས་དྲན་ཐོག་འགྲོ་བ་མིས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བླང་དོར་གྱི་བཀའ་སློབ་ཟབ་རྒྱས་གནང་ཡོད་འདུག

ཚེས་༡༩ ཉིན་རྒྱ་གར་གྱི་གསར་འགོད་པ་གྲགས་ཅན་ཀཱ་རན་ཐཱ་པཱར་ལགས་ཀྱིས་བཅར་འདྲི་བྱས་པའི་ལེ་ཚན་དེ། ཚེས་༢༡ རེས་གཟའ་ཉི་མ་ཉིན་གྱི་དགོང་མོ་ཆུ་ཚོད་༨ པའི་ཐོག་བརྙན་འཕྲིན་བརྒྱུད་ལམ་(CNN/IBN) ཞེས་པའི་ཐོག་ཡོངས་ཁྱབ་ཏུ་བསྟན་རྒྱུ་ཡིན་པ་རེད།།

གནས་ཚུལ་ཁག་བོད་གཞུང་དྲ་བ་ནས་བསྡུ་སྒྲིག་བྱས།{jcomments on}