འོས་ཤོག་གི་བརྒྱ་ཆ་ཉུང་ཐབས་ཡིན་ནམ།
དོན་དངོས་ཀྱི་གནས་སྟངས་ལ་གཟིགས་དགོས་པ་དེའང་གལ་ཆེན་པོར་གྱུར་ཡོད། སྤྱིར་བཀའ་བློན་ཁྲི་པར་འོས་ཤོག་གི་རྒྱལ་ཁ་ཐོབ་མཁན་ལ་བརྒྱ་ཆ་མང་ཉུང་ག་ཚོད་དགོས་མིན་གྱི་ཚད་གཞི་མེད་པར་མང་མོས་རྩེ་གཏོགས་གང་ཡིན་པ་དེ་ལ་བཀའ་ཁྲིའི་འོས་འགྲན་གྱི་རྒྱལ་ཁ་ཐོབ་པ་ཞིག་ཡིན་ཡང། དོན་དངོས་ཐོག་དངོས་གཞིའི་འོས་འགྲན་སྐབས་འགྲན་རྩོད་ཀྱི་ནུས་པ་མེད་པའི་འོས་མི་དག་དངོས་གཞིའི་འོས་འགྲན་པའི་ནང་དུ་བཏང་ན་བཀའ་ཁྲིའི་རྒྱལ་ཁ་ཐོབ་མཁན་གྱི་སྤྱིའི་འོས་འབོར་གྱི་བརྒྱ་ཆ་ཉུང་དུ་འགྲོ་བ་ལས་རྒྱུ་མཚན་གང་ཡང་མེད། གནད་དོན་འདིའི་སྐོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི་སྐོར་སྒེར་གྱི་གསལ་བཤད་དམ་གསལ་བསྒྲགས་གནང་བའི་ནང་། “ལྷ་རབ་བྱུང་ན་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་གཞི་གཉིས་དང་། དེ་མིན་མང་མཐའ་ཡང་གསུམ་ལས་མ་མང་བ་བྱུང་ན་གང་ལེགས་ཡོང་གི་རེད་སྙམ་པ་དེ་ངའི་བསམ་ཚུལ་ཡིན། དངོས་གཞིའི་འོས་གཞི་མང་དྲགས་ཚེ། འོས་ཤོག་འཐོར་གྱར་དུ་སོང་སྟེ། མང་མོས་བརྒྱ་ཆ་ཉུང་ངུ་ལས་མ་ཐོབ་པའི་བཀའ་ཁྲི་ཞིག་འདེམས་ཐོན་བྱུང་ན། རྒྱ་ཆེ་ས་ནས་ཆབ་སྲིད་ཀྱི་གནས་སྟངས་ཐོག་ཞན་སྐྱོན་མང་དག་ཅིག་རང་བཞིན་གྱིས་འབྱུང་བ་དང་། བཙན་བྱོལ་སྤྱི་ཚོགས་སུ་བཀའ་ཁྲིའི་ཆེ་མཐོང་དང་། འདེམས་ཐོན་བཀའ་ཁྲི་སྐུ་སྒེར་གྱི་བློ་སྤོབས་སོགས་ཕྱོགས་མང་པོར་གནོད་རྐྱེན་འབྱུང་ཉེན་ཆེ་” ཞེས་གསུངས་པ་དེ་ནི་གནད་ལ་ཁེལ་ཞིང་གནས་ལུགས་དང་ལྡན་པ་ཞིག་ཏུ་མཐོང་ཞིང། འོས་ཐོབ་པའི་ནུས་པ་ཆེར་མེད་པའི་འོས་མི་དག་དངོས་གཞིའི་འོས་འགྲན་ནང་མུ་མཐུད་འཇོག་དང་མི་འཇོག་གི་དབང་ཚད་ཆ་ཚང་རང་དབང་ཅན་གྱི་སྡེ་ཚན་དབུས་འོས་བསྡུ་ལས་ཁང་ལ་ཡོད་པས། བཀའ་ཁྲིའི་རྒྱལ་ཁ་སུ་ལ་ཐོབ་རུང་མང་མོས་ཤུགས་ཆེ་ཡོད་པ་ཞིག་ཡོང་ཐུབ་ན་ཕྱོགས་གང་ཐད་ནས་དགེ་མཚན་ཧ་ཅང་ཆེ་བར་བརྟེན། འོས་མི་མང་པོ་ཞིག་གི་ངོ་འཚོ་དགོས་པ་གང་ཡང་མེད་སྟབས་དོན་གྱི་གནད་ལ་གཞིགས་ནས་ཐག་གཅོད་གནང་ཐུབ་པའི་སྤོབས་པ་ངེས་པར་དུ་ཡོད་དགོས།
ཕྱོགས་གཞན་ཞིག་ནས་བཤད་ན་ཉེ་བའི་ཆར་དྷ་ས་ས་གནས་འགོ་འཛིན་གྱི་འོས་བསྡུ་བྱེད་སྐབས་དངོས་གཞིའི་འོས་འགྲན་ནང་མི་དྲུག་བཏང་བ་ལྟ་བུ་ལ་མཚོན་ན་བརྒྱ་ཆ་མི་ལོངས་པའི་ཆེད་ཁོ་ན་ལས། གཞན་འགྲེལ་བཤད་གང་ཡང་མེད་ལ། ས་གནས་འགོ་འཛིན་མི་མང་གིས་འོས་བསྡུ་བྱེད་སྐབས་འོས་འཕེན་པ་སྤྱིའི་བརྒྱ་ཆ་༥༡ གི་རྒྱབ་སྐྱོར་ཐོབ་དགོས་སྟབས་འོས་འགྲན་པ་མི་དྲུག་བཏང་ན། འོས་ཤོག་ཁ་འཐོར་ནས་བརྒྱ་ཆ་༥༡ ལོངས་ཐུབ་ཐབས་གཏན་ནས་མེད་པ་ལོང་བས་བལྟས་ཀྱང་ཁམས་གསུམ་ཟེར་བ་ལྟར་ཧ་ཅང་གསལ་པོ་རེད། དངོས་གཞིའི་འོས་གཞི་བཀྲམ་སྐབས་ས་གནས་འོས་བསྡུའི་འགན་འཛིན་གྱིས་ཆེད་དུ་མི་མང་གིས་ས་གནས་འགོ་འཛིན་འོས་འདེམས་མི་ཐུབ་པ་ཞིག་བྱས་འདུག་པར་སྒེར་ངོས་ནས་རྒྱུ་མཚན་དང་གནས་ལུགས་གཞན་པ་ཞིག་ཡོད་སྲིད་ཀྱང། ས་གནས་འོས་བསྡུའི་ཚོགས་མི་རྣམས་ཀྱིས་འོས་མི་རྣམས་ལ་འོས་གྲངས་མང་ཉུང་གི་ཧེ་བག་ཆེན་པོ་ཡོད་བཞིན་དུ་དངོས་གཞིའི་འོས་ཁོངས་སུ་མི་དྲུག་གཏོང་བར་འོས་བསྡུའི་འགན་འཛིན་ལ་དགག་བྱ་བྱེད་མ་ཐུབ་པ་དང། ས་གནས་འགོ་འཛིན་འོས་བསྡུ་བྱེད་ཡུལ་བཞུགས་སྒར་དྷ་རམ་ས་ལར་ཡིན་ཡང། དབུས་འོས་བསྡུ་ལས་ཁང་ནས་འོས་འདེམས་མི་ཐུབ་པའི་གནད་འགགས་གཟིགས་བཞིན་དུ་ས་གནས་འོས་བསྡུ་ལས་ཁང་ལ་ལམ་སྟོན་མ་གནང་བའང་ཅུང་ཡ་མཚན་པ་ལྟ་བུར་གྱུར་མི་འདུག་གམ། དེར་བརྟེན་བཀའ་ཁྲིའི་འོས་བསྡུ་ཆེན་མོའི་དངོས་གཞིའི་སྐབས་ཀྱང་བཀའ་ཁྲིའི་འོས་གཞི་མང་པོ་ཞིག་བཏང་བ་ཡིན་ན་རང་བཞིན་གྱིས་གནོན་སྐྱོན་ཞིག་ཡོང་གི་ཡོད་ཀྱང། དབུས་འོས་བསྡུ་ལས་ཁང་ལ་དགོས་པ་དང་རྒྱུ་མཚན་གཞན་ཞིག་གི་ཆེད་དུ་འདི་ལྟར་མི་གནང་ཐབས་མེད་ཀྱི་གནས་སྟངས་དམིགས་བསལ་བ་ལྟ་བུ་རེ་མེད་ན། ཐག་གཅོད་འདི་རང་བཞིན་གྱིས་འོས་ཐོབ་མཁན་གྱི་བཀའ་ཁྲི་དེའི་འོས་ཤོག་གི་བརྒྱ་ཆ་ཉུང་དུ་གཏོང་བྱེད་ཙམ་དུ་གྱུར་མི་འདུག་གམ།།