མ་འོངས་པའི་བོད་དེ་ཡང་རྒྱ་ཆེན་པོར་བསམ་བློ་གཏོང་དགོས།
ཟླ་འདིའི་ཚེས་༢ ཉིན་གུང་ཆུ་ཚོད་༡༢ ཙམ་གྱི་ཐོག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཏེ་ལོ་རིན་པོ་ཆེ་མཆོག་གིས་དྷ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། གཙོ་བོ་༧གོང་ས་མཆོག་གིས་སོག་རིགས་རྣམས་ལ་གསུང་ཆོས་གནང་བའི་སྐོར་ཡིན་པ་རེད།
ཏེ་ལོ་རིན་པོ་ཆེ་ནི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནང་གི་ཁལ་མུཀ་མི་རིགས་ཡིན་པ་དང་། ཁོང་གིས་སོག་རིགས་རྣམས་ལ་༧གོང་ས་མཆོག་གིས་གསུང་ཆོས་གནང་བའི་བརྒྱུད་རིམ་ངོ་སྤྲོད་གནང་དོན། “ཨུ་རུ་སུ་དད་ལྡན་ཆོས་ཞུ་བ་རྣམས་དྷ་སར་༸གོང་ས་མཆོག་གི་ཆོས་འབྲེལ་ཞུ་ཆེད་བཅར་ཐེངས་གཉིས་པ་དེ་ཡིན། སྤྱིར་བཏང་༧གོང་ས་མཆོག་གི་བཀའ་ཆོས་ཞུ་བར་རྒྱ་རིགས་དང་ཝི་ཏི་ནམ། ཀོ་རི་ཡ། སིང་ག་པུར་བཅས་ནས་དྷ་སར་བཅར་གྱི་ཡོད་པ་རེད། ཡིན་ནའང་སོག་རིགས་ཚོས་ཁོང་ཚོའི་ལད་མོ་བྱས་པ་ཞིག་གཏན་ནས་མིན་པར་ཁོང་ཚོ་དང་མི་འདྲ་བའི་ཁྱད་པར་ཡོད། སོག་པོ་དང་བོད་གཉིས་ལོ་ངོ་བརྒྱ་ཕྲག་རིང་ནས་རྒྱལ་རབས་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་ཚང་མས་ཤེས་གསལ་རེད། བར་སྐབས་ཤིག་ནས་ཨུ་རུ་སུ་དང་སོག་ཡུལ་ནང་དམར་པོའི་རིང་ལུགས་ཤུགས་ཆེན་པོ་དར་ནས་སོག་རིགས་བོད་དུ་སློབ་གཉེར་གནང་མཁན་ཕེབས་རྒྱུར་དཀའ་ངལ་འཕྲད་དེ་འབྲེལ་བ་ཆད་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་ནང་དམར་པོའི་དབང་བསྒྱུར་བསླེབས་ཏེ་བོད་སོག་དབར་ཆོས་སྲིད་དང་རིག་གཞུང་སོགས་ཀྱི་འབྲེལ་བ་ཆད་དེ་སྟོངས་པ་ལྟ་བུར་ལྷག་ཡོད། ཕྱིས་སུ་ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུའི་དམར་ཤོག་སྦོ་ལུགས་ཏེ་བོད་སོག་དབར་སྔར་གྱི་འབྲེལ་བ་སླར་གསོ་བྱུང་ཡོད་པ་མ་ཟད། རིམ་པས་འབྲེལ་བ་དེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་ཆོས་འབྲེལ་གོ་སྒྲིག་ཞུས་པ་ཞིག་ཡིན། མི་ཁ་ཤས་ཀྱིས་ཆོས་འབྲེལ་དེ་དྷ་སར་བྱེད་དགོས་དོན་སྐོར་དྲི་བ་བཏང་བྱུང། དེའི་རྒྱུ་མཚན་གང་ཡིན་བརྗོད་ན། ཕྱོགས་གཅིག་ནས་བར་ལམ་ང་ཚོས་༧གོང་ས་མཆོག་ཨུ་རུ་སུ་དང་ཡང་ན་སོག་ཡུལ་བཅས་སུ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་ལན་མང་བྱས་ཡོད་ཀྱང། ཆབ་སྲིད་ཀྱི་དཀའ་ངལ་མང་པོ་ཞིག་གི་རྐྱེན་གྱིས་གདན་འདྲེན་ཞུ་ཐུབ་མེད་པ་རེད། གཉིས་ནས་༧གོང་ས་མཆོག་སྐུ་འཚོ་ཞུགས་ཀྱི་རིང་ང་ཚོས་ཨུ་རུ་སུ་དང་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སླར་གསོའི་ཆེད་ཤེས་ཡོན་དང་ཉམས་མྱོང་དགོས་ཀྱི་ཡོད། དེར་བརྟེན་དཔེ་ལྟ་ས་ཞིག་དགོས་ཀྱི་ཡོད། ང་ཚོར་དཔེ་ལྟ་ས་དང་ཉམས་མྱོང་ལེན་ས་ཡག་ཤོས་དེ་བོད་པའི་སྤྱི་ཚོགས་དེ་ཆགས་ཡོད། ཨུ་རུ་སུའི་ཆོས་ཞུ་བ་ཚོ་རྒྱ་གར་དུ་དངོས་སུ་ཕེབས་ཏེ་བོད་པའི་ཤེས་ཡོན་བསྟི་གནས་ཁང་དང་དགོན་སྡེ་ཁག སློབ་གྲྭ བཙན་བྱོལ་གཞུང་བཅས་ཀྱི་གནས་སྟངས་ཤེས་ཐུབ་པ་ཡོང་རྒྱུ་དེ་རྒྱུ་མཚན་གཞན་ཞིག་རེད། དེ་བཞིན་རྒྱུ་མཚན་གཅིག་ནི་མི་མང་པོས་བསམ་པར་༧གོང་ས་མཆོག་བོད་མི་གཅིག་པུའི་ཐོབ་ཐང་རེད་བསམ་པ་དྲན་གྱི་ཡོད། ༧གོང་ས་མཆོག་བོད་མི་ཙམ་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་པུ་མིན་པར་སོག་པོ་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཆགས་ཡོད་པས། དེའི་རྣམ་པ་སྟོན་ཆེད་དུ་ཐེངས་འདིའི་ཆོས་འབྲེལ་གོ་སྒྲིག་ཞུས་པ་ཞིག་ཡིན། མ་འོངས་པར་ཆོས་འབྲེལ་མུ་མཐུད་གོ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།
ཁོག་གིས་མུ་མཐུད་ཨུ་རུ་སུ་ནས་སོག་རིགས་རྣམས་དྷ་སར་ཡོང་བའི་འགོ་འཛུགས་སྟངས་སྐོར་ངོ་སྤྲོད་གནང་དོན། “ལོ་བདུན་བརྒྱད་སྔོན་ཙམ་ལ་ཨུ་རུ་སུ་ནས་རྒྱ་གར་དུ་གནས་མཇལ་བ་མི་ལྔ་ཡོང་བ་རེད། དེའི་སྐབས་མི་ལྔ་རྒྱ་གར་དུ་གནས་མཇལ་ལ་ཕྱིན་པ་རེད་ཅེས་ཧང་སངས་པ་རེད། དེ་རྗེས་མི་ ༤༠ ཙམ་རྒྱ་གར་དུ་གནས་མཇལ་ཕྱིན་ནས་ཧང་སངས་པ་ཆགས་ཡོད། ཕྱི་ལོ་ ༢༠༠༦ ལོར་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་༧གོང་ས་མཆོག་ལ་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་མཐོ་ཤོས་“པདྨ་དཀར་པོ་”འབུལ་ལམ་ཞུ་ཆེད་མི་བརྒྱ་ཙམ་རྒྱ་གར་དུ་ཆེད་བཅར་ཞུས་ཡོད། དེ་རྗེས་ཕྱི་ལོ་ ༢༠༠༧ ལོར་ཁལ་མུཀ་དང་ཐུ་ཝ། བྷུ་རི་ཡ། ཕྱི་སོག་བཅས་ནས་སོག་རིགས་མི་གྲངས་ ༥༠༠ ལྷག་ཙམ་དྷ་སར་སླེབས་ཏེ་རིག་གཞུང་འགྲེམས་སྟོན་གྱི་ལས་གཞི་ཁག་ཅིག་སྤེལ་ཡོད། ཕྱི་ལོ་ ༢༠༠༩ ལོར་ཨུ་སུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སོག་རིག་ཆོས་ཞུ་བ་མི་གྲངས་ ༨༠༠ ལྷག་ཙམ་ཞིག་དྷ་སར་སླེབས་ཏེ་༧གོང་ས་མཆོག་གི་སྐུ་མདུན་ནས་ཆོས་འབྲེལ་ཞུས་ཡོད། ད་ལྟ་འདིར་སོག་རིགས་མི་གྲངས་ ༡༢༣༧ ཙམ་དྷ་སར་དངོས་སུ་སླེབས་ཏེ་༸གོང་ས་མཆོག་གི་བཀའ་ཆོས་ཞུས་ཡོད་རེད་”ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་རིག་གཞུང་དང་སྐད་ཡིག་གལ་ཆེན་ཡིན་སྐོར་གསུང་དོན། “ངའི་མི་རིགས་ཁལ་མུཀ་གཙང་མ་རེད་ལ། སྐྱེ་ས་ཨ་རི་རེད། འཚར་ལོངས་བྱུང་ས་དེ་བོད་པའི་སྤྱི་ཚོགས་རེད། འབྲས་སྒོ་མང་གྲྭ་ཚང་དུ་འབྲས་རྡ་ལི་ཟོས་ནས་འཚར་ལོངས་བྱུང་བ་རེད། ངས་བོད་སྐད་ཡག་པོ་ཤེས་ཀྱི་ཡོད། དུས་རབས་ཉེར་གཅིག་འདིའི་ནང་སྐད་ཡིག་བརླག་རྒྱུའི་ཉེན་ཁ་ལ་སླེབས་ཡོད་པ་དང་། བོད་ནང་དུ་སྐད་ཡིག་རྒྱུན་འཛིན་དགོས་པའི་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་སྐད་ཡིག་སློབ་རྒྱུའི་ཐོག་དམ་དྲག་བྱེད་ཀྱི་ཡོད་པ་རེད། བཙན་བྱོལ་བོད་མིའི་ནང་དུ་སྐད་ཡིག་རྒྱུན་འཛིན་ལ་ཧུར་ཐག་གནང་གི་ཡོད་པ་དང་། ང་མི་རིགས་གཞན་པ་ཞིག་ཡིན་པས་བོད་པར་ཤ་ཞེན་བྱས་ནས་བོད་སྐད་གཙང་མ་བཤད་པ་དང་། བོད་ནང་དུ་བཞུགས་མཁན་དང་རྒྱ་གར་ནང་གི་བོད་པ་ཚང་མས་སེམས་ཤུགས་མ་ཆག་པ་དང་། རེ་བ་མ་བརླགས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། མ་འོངས་པའི་བོད་ཟེར་དུས་ལོ་བཅུ་དང་བཅོ་ལྔའི་སྐད་ཆ་མ་རེད། སྐད་ཡིག་སྲུང་སྐྱོབ་དེ་དུས་རབས་ནས་དུས་རབས་དང་མི་རབས་ནས་མི་རབས་ལ་བསམ་བློ་གཏོང་གི་ཡོད་པ་རེད། ང་ཚོ་ཁལ་མུཀ་མི་རིགས་ལ་མཚོན་ན། ༡༩༤༠ ལོའི་ནང་ཨུ་རུ་སུའི་དམར་ཤོག་གི་འགོ་ཁྲིད་ཀྱིས་ཁལ་མུཀ་མི་རིགས་ཁ་འཐོར་དུ་བཏང་བ་དང་། ཁལ་མུཀ་གི་སྐད་བཤད་མི་ཆོག་པ་བྱས་པ་རེད། རྗེས་སུ་འགོ་ཁྲིད་གསར་པ་སླེབས་ནས་སོ་སོའི་ས་ཆར་སྡོད་ཆོག་པ་རེད་མོད། ལོ་བཅུ་གསུམ་ནང་སྐད་ཡིག་ཆ་ཚང་བརླགས་པ་རེད། ལོ་ལྔ་བཅུའི་ནང་བོད་ཕྱི་ནང་གཉིས་ནས་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་པ་དེ་རླབས་ཆེན་རེད། མ་འོངས་པའི་བོད་དེ་ཡང་རྒྱ་ཆེན་པོར་བསམ་བློ་གཏོང་དགོས་པ་དང་། སྐད་ཡིག་རིག་གཞུང་། ཆོས། ལྟ་བ་འཁྱེར་སྟངས་དེ་ཚོར་དགོངས་པ་བཞེས་དགོས་པ་རེད་བསམ་གྱི་འདུག ༧རྒྱལ་བ་རིན་པོ་ཆེ་ཁལ་མུཀ་མི་མང་གི་བླ་མ་རེད། ང་རང་སྒེར་ལའང་བཀའ་དྲིན་ཆེན་པོ་ཡིན། དབུ་མའི་ལམ་དེ་དགོངས་པ་རྒྱ་ཆེན་པོ་རེད་ལ། བོད་མིར་རྒྱ་ཆེན་པོའི་དགོངས་པ་བཞེས་པ་རེད་མོད། ང་རང་སྒེར་གྱི་བསམ་ཚུལ་ཡིན་ན། དབུ་མའི་ལམ་གྱི་ཐོག་ཏུ་ཕྱིན་པ་ཡིན་ན། བོད་དེ་ཁལ་མུཀ་ལེའུ་གཉིས་པ་ཞིག་རེད་ཅེས་ངས་བཤད་བསྡད་ཡོད། བོད་དེ་རྒྱ་མིའི་འོག་ཏུ་སྡོད་དགོས་པ་རེད། སྔ་ཕྱི་མ་གཏོགས་བརླགས་ཀྱི་རེད། ཕྱིའི་རྣམ་པ་ཙམ་ལས་ལྷག་གི་མ་རེད་ཅེས་ཨུ་རུ་སུའི་མངའ་འོག་ཏུ་སྤྱི་མཐུན་རྒྱལ་ཁབ་མང་པོ་ཡོད་ནའང། ཁྲིམས་དང་ཤོག་དངུལ། ཉིན་རེའི་བྱེད་ཕྱོགས། སྐད་ཡིག་ཚང་མ་ཨུ་རུ་སུ་དབང་བསྒྱུར་འོག་ཡོད་སྐོར་གསུངས་སོང།
མ་འོངས་པར་བོད་དང་སོག་པོ་བར་གྱི་འབྲེལ་བའི་སྐོར་ལ་གསར་འགོད་པའི་དྲི་བ་ཞུས་པའི་ལན་དུ། ཏེ་ལོ་རིན་པོ་ཆེས། “འདིར་གསུང་ཆོས་ཞུ་སར་ཡོང་སྐབས་འགྲོ་སོང་དང་། གོ་སྒྲིག་ཚང་མར་དཀའ་ངལ་ཡོད་པ་རེད། གསུང་ཆོས་ཞུ་མཁན་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་ཡི་མ་རེད། གོ་སྒྲིག་དེ་ཚོ་འབ་སུ་མ་འདུས་པ་ཡོང་སྲིད་པ་རེད་མོད། བོད་དང་སོག་རིགས་ཀྱི་འབྲེལ་བ་ཤུགས་ཆེ་རུ་འགྲོ་བ་ལས་བར་ཆར་ཡོང་གི་རེད་བསམ་གྱི་མི་འདུག གལ་སྲིད་བཙན་བྱོལ་བོད་མིའི་རིག་གཞུང་བསྟི་གནས་ཁང་དང་། སློབ་གྲྭ་ཁག དགོན་སྡེ་ཁག་ཏུ་སོག་རིགས་སློབ་གཉེར་བྱེད་ས་ཚོར་ས་མིག་མི་འདུག་ཅེས་པའི་གནས་ཚུལ་བྱུང་ན་འབྲེལ་བ་ཆད་སྲིད་པ་རེད། ད་ལྟ་འདི་ནས་ང་ཚོའི་སློབ་སྦྱོང་བྱེད་མཁན་ཚོར་གོ་སྐབས་གནང་ནས་༤༠༠ ལྷག་ཡོད་པ་རེད། ༧གོང་ས་མཆོག་གིས་ཁོང་ཚོར་སྣེ་ལེན་བྱས་ཤོག་གསུང་གི་ཡོད་པ་རེད་མོད། མ་འོངས་པ་འགག་མི་སྲིད་པ་མ་རེད། སྔོན་མ་༡༩༩༠ ལོ་ཡས་མས་སུ་ཨུ་རུ་སུའི་དམར་ཤོག་འཐོར་བ་དང་། དེ་ནས་སློབ་གཉེར་བྱེད་མཁན་མང་པོ་འདིར་ཡོང་། བོད་ནང་ནས་སྐྱབས་བཅོལ་བ་མང་པོ་ཡོང་ནས། སྡོད་ས་མེད་པའི་དཀའ་ངལ་འཕྲད་པས། འདིར་འབ་སུ་མ་འདུས་པ་ཞིག་བྱུང་བ་རེད། ང་ཚོས་འཚང་ཁ་བརྒྱབ་ནས་ང་ཚོ་བཅུག་རོགས་གྱིས་ཟེར་དུས། སོ་སོའི་མི་འབ་སུ་མ་འདུས་པ་ཆགས་ཡོང་དུས། ཁྱེད་ཚོའི་མི་ཕར་ཞོག་ཟེར་གྱི་ཡོད་པ་རེད། ད་ལྟ་དགོན་སྡེ་ཁག་ཏུ་འཛིན་གྲྭ་འོག་མ་སྟོངས་པ་ཆགས། བོད་ནས་ཡོང་མ་ཐུབ། ཧི་མ་ལ་ཡའི་ཕྱོགས་ནས་ཉུང་ཉུང་རེད། གྲྭ་ཚང་ཁག་གིས་ང་ཚོར་རེ་བ་རྒྱག་གི་ཡོད་པ་རེད། སོག་པོའི་ཡུལ་ནས་མི་ཁྲིད་རྒྱུ་ཨེ་རག་ལྟོས་ཤོག་ཟེར་གྱི་ཡོད་པ་རེད་”ཅེས་སོགས་གསུངས་སོང།
ཁོང་གིས་མུ་མཐུད་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། “ང་ཚོའི་འབྲེལ་བ་གཙོ་བོ་ཆོས་དང་རིག་གཞུང་རེད། འབྲེལ་བ་དེ་ཡོད་དུས་ཆབ་སྲིད་ཀྱི་འབྲེལ་བ་རང་བཞིན་གྱིས་ཡོང་གི་རེད། བོད་རང་བཙན་ཟེར་ནས་སྐད་རྒྱག་དགོས་པ་མ་རེད། དེང་སྐབས་བོད་ཟེར་དུས་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཚིག་ཅིག་ཆགས་བསྡད་ཡོད་པ་རེད། ང་བོད་པ་མ་རེད་མོད། ངས་བོད་སྐད་གཙང་བཤད་པ་དེ་ཆབ་སྲིད་ཆགས་བསྡད་ཡོད་པ་རེད། སྐད་ཡིག་སྲུང་སྐྱོབ་ཅེས་བརྗོད་དུས་ཆབ་སྲིད་ཅིག་ཆགས་བསྡད་ཡོད་པ་རེད་”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་བོད་མི་ཚོར་རེ་སྐུལ་གནང་དོན། “བོད་ཕྱི་ནང་གཉིས་ནས་སེམས་ཤུགས་མ་ཆགས་པ་དགོས་པ་རེད། ཕྱི་རྒྱལ་ཁག་ནས་༧སྐྱབས་མགོན་རིན་པོའི་ཆེའི་བཀའ་དྲིན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད། ཨུ་རུ་སུའི་ནང་དུ་ངས་བོད་པའི་རྐུབ་བཀྱག་ཅིག་འཇུས་བསྡད་ཡོད། དེ་ནམ་ཡང་ངས་གློད་ཀྱི་མ་རེད། བོད་ཕྱི་ནང་གཉིས་ནས་ཁྱེད་རང་ཚོས་ནུས་ཤུགས་འདོན་ཐུབ་ན། ང་ཚོས་སེམས་ཤུགས་བརླག་གི་མ་རེད་ལ། ནུས་པ་འདོན་བདེ་བོ་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
{jcomments on}