གུང་ཁྲན་ཏང་གིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་གསར་བ་བསྐྲུན་པ།

ཁོང་གིས “ཁ་སང་སྔོན་མ་ཨ་མདོའི་ཕྱོགས་ནས་བོད་ཀྱི་སྐད་ཡིག་དག་རྒྱ་ཡིག་ནང་བསྒྱུར་འཆར་གྱི་ལས་རིམ་ཁྲོད། ངོ་རྒོལ་བྱས་པ་ནས། འདི་ཕྱོགས་ཀྱི་དེང་རབས་ཀྱི་འཕྲུལ་ཆས་བེད་སྤྱོད་གནང་མཁན་ཚོས། རང་གི་མི་རིགས་ཀྱི་ངོ་བོ་སྐད་ཡིག་འདི་ང་ཚོ་བོད་མི་མི་རེ་ངོ་རེ་ནས་སྲུང་སྐྱོབ་བྱ་དགོས་ཚུལ་གྱི་འཕྲིན་ཐུང་ཞིག་རོགས་པ་དང་། རོགས་པ་བརྒྱུད་ནས་གཏོང་སོང་ལ། བྱེད་སྟངས་དེ་འདྲའི་ཁྲོད། ནམ་རྒྱུན་བོད་ཀྱི་སྐད་ཡིག་ལ་དོ་སྣང་དེ་ཙམ་མི་སྤྲད་མཁན་ཚོ་ལའང་ཅི་ཞིག་གི་དྲན་བསྐུལ་ཐེབས་པ་ལྟར། ད་ལྟའི་བོད་ནང་གི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་ཧ་ཅང་དོ་དབྱིངས་དང་། སྦྱོང་བརྩོན་བྱེད་ཀྱིན་འདུག་”ཞེས་གསུངས་སོང་།

ཁོང་གིས་མུ་འཐུད་ནས་དེང་སང་བོད་ནང་སློབ་ཐོན་པའམ་བོད་ཀྱི་གཞོན་སྐྱེས་ཚོས་ཟུར་སྦྱོང་གི་འཛིན་གྲྭར་ཕྱིན་ནས་བོད་ཡིག་སྦྱོང་གི་ཡོད་ཚུལ་ཐད་གསུངས་དོན། “ལྷ་ས་ལ་མཚོན་ན། བདུན་ཕྲག་རེའི་ནང་བོད་ཀྱི་རྒྱལ་རབས་དང་ སུམ་རྟགས་དག་གསུམ་སོགས་ཀྱིས་མཚོན་པའི་འཛིན་གྲྭ་ཐེངས་གསུམ་ལ་འགྲོ་ས་ཡོད་པ་རེད། འཛིན་གྲྭ་དེར་འགྲོ་འདོད་ཡོད་ན། ཟླ་བ་རེར་སློབ་ཡོན་རྒྱ་སྒོར་༣༠༠ རེད།  དེ་དག་སློབ་ཁྲིད་བྱེད་མཁན་ནི། དགོན་སྡེ་ཁག་ཏུ་སྡོད་མ་བཅུག་པའི་གྲྭ་བའམ་གྲྭ་ཟུར་དེ་འདྲ་རེད། ང་ལ་མཚོན་ན། ད་ལོའི་གནས་ཚུལ་འདི་ཐོན་ནས་བོད་ཡིག་གི་ཟུར་སྦྱོང་འཛིན་གྲྭ་འགྲོ་གིན་ཡོད་ལ། འཛིན་གྲྭ་དེར་ནམ་རྒྱུན་དང་མི་འདྲ་བ་ཉིན་རེ་ནས་ཉིན་རེ་སློབ་ཕྲུག་མང་དུ་འགྲོ་གིན་འདུག”ཞེས་གསུངས་པ་དང་།

ཡང་ཁོང་གིས་དེང་སང་བོད་ནང་ཐ་སྙད་གསར་བཟོ་བྱས་པ་དག་བེད་སྤྱད་ནས་བོད་སྐད་གཙང་མ་རྒྱག་ཤེས་པའི་ངོམ་སོ་བྱེད་ཀྱིན་པའི་སྐོར་གསུངས་དོན། “དེང་སང་ང་ཚོའི་གཞོན་སྐྱེས་ནང་ནས་བོད་ཀྱི་ཐ་སྙད་གསར་བ་རྣམས་སྦྱོང་སྤྱོད་བྱེད་པ་དང་། རོགས་པ་ནང་ཕན་ཚུན་བོད་སྐད་གཙང་མ་རྒྱག་རྒྱུར་ཧ་ཅང་དམ་གཟབ་བྱེད་ཀྱིན་ཡོད། རོགས་པ་སུ་ཞིག་གིས་ཐོན་གསར་དག་ལ་བོད་ཀྱི་མཁས་དབང་ཚོས་གསར་བཟོ་བྱས་པའི་ཐ་སྙད་གསར་བ་སྤྱད་དེ། གཏམ་བཤད་དང་། གླེང་མོལ་སོགས་མགོ་ནས་མཇུག་བར་བོད་སྐད་གཙང་མས་བཤད་ཐུབ་ན། དེ་ལ་བསྔགས་བརྗོད་དང་། མིག་དཔེར་ལྟ་གིན་ཡོད། དེ་བཞིན་ཐ་སྙད་གསར་བ་རྣམས་བློར་འཛིན་ཏེ་ག་ཚོད་མང་པ་སྤྱོད་ཤེས་ན་དེ་ཙམ་ངོམ་སོ་བྱེད་པ་དང་། གཟི་བརྗིད་ཅིག་ལ་བརྩི་གིན་ཡོད།”ཅེས་དང་།

ཡང་ཁོང་གིས་གཞིས་ལུས་བོད་མིས་བཙན་བྱོལ་གཞུང་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་ཡིད་ཆེས་བྱེད་སྟངས་སྐོར་གསུངས་དོན། “ཉིན་ཞིག་ང་ཚོ་གྲོགས་པོ་སྐོར་ཞིག་གིས། ད་ང་ཚོས་བོད་ཀྱི་སྐད་ཡིག་འདི་བདག་པོ་རྒྱག་མ་ཐུབ་ན། གང་འགྱོགས་རྩ་བརླག་འགྲོ་སྲིད་པ་རེད་ཅེས་ཞེད་སྣང་དང་སེམས་འཚབ་ཆེན་པོས་གླེང་མོལ་བྱས་ཡིན། སྐབས་དེར་རོགས་པ་གཞན་ཞིག་གིས། ང་ཚོས་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་རྒྱུ་དེ་ང་ཚོའི་ལས་འགན་རེད། ཡིན་ནའང་སེམས་འཕྲལ་དང་ཞེད་སྣང་ཆེན་པོ་དེ་འདྲ་གནང་དགོས་པ་མ་རེད། གང་ཡིན་ཟེར་ན། ང་ཚོའི་བཙན་བྱོལ་གཞུང་ཡོད་རེད་ལབ་ཀྱི་འདུག”ཅེས་གསུངས་སོང་།

ཁོང་གིས་དེང་སང་བོད་ཀྱི་སེར་མོ་བའི་སྡེ་དང་བོད་ཀྱི་སྐད་ཡིག་བར་གྱི་འབྲེལ་ལམ་སྐོར་ནས་གསུངས་དོན། “ང་རང་ཉིན་ཤས་སྔོན་བྱང་འབྲི་གུང་དགོན་དུ་སྣེ་ཤན་པ་བྱས་ནས་སོང་ཡིན། སྐབས་དེར་དགོན་པའི་གསང་སྤྱོད་ཀྱི་སྒོ་འགྲམ་དུ་བོད་ཡིག་རྐང་གཉིས་བྲིས་འདུག (བསང་སྤྱོད)ཅེས་བྲིས་འདུག ང་རང་ཧ་ཅང་སེམས་པ་སྐྱོ་བྱུང་། གང་ཡིན་ཟེར་ན། དགོན་པ་དང་། དགེ་འདུན་པ་ནི། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གནང་སའི་ཁོར་ཡུག་ཞིག་དང་། དེ་ཁོ་ནར་སྦྱོང་གནང་མཁན་གྱི་བོད་མི་ཞིག་རེད། ཡིན་ནའང་གསང་སྤྱོད་ཀྱི་དག་ཆའང་ཏག་ཏག་འབྲི་ཤེས་མི་འདུག”་ཅེས་གསུངས་སོང་།

ཁོང་གིས་མུ་འཐུད་ནས་གསུངས་དོན “ཉིན་ཞིག་ང་དང་གྲོགས་པོ་ཚོ་གཅིག  པོ་ཏ་ལའི་ལ་དང་། བྲག་ར་(ཁོང་གིས་འདི་ལ་ལྷ་ས་བས་སྒྲ་ཟུར་ཉམས་ནས་དེང་སང་བ་ར་ཟེར་གི་རེད) ཀླུ་ཕུག་དགོན་པའི་ཉེ་འཁྲིས་ཀྱི་བཙུན་དགོན་ལ་མཆོད་མཇལ་ཕྱིན་ཡིན། དེ་ནས་བཙུན་མ་ཁག་གཅིག་གིས་བོད་ཡིག་ཤོག་ལྷེ་མང་པོ་ཞིག་པར་སློག་རྒྱག་གིན་འདུག དེ་དག་ལ་བལྟས་པ་ན། ཡི་གེ་དེ་དག་གི་ནང་དག་ཆ་ནོར་བ་ཧ་ཅང་མང་པོ་ཞིག་འདུག ང་དང་ངའི་རོགས་པ་ཚོ་ངོ་ཚ་བ་དང་། སེམས་པའང་ཧ་ཅང་སྐྱོ་བྱུང་། ངས་རོགས་པ་ཞིག་ལ། གྲྭ་བ་དང་བཙུན་མ་ཚོ་ནི། ང་ཚོ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གནང་མཁན་གཙོ་བོ་དེ་རེད། ད་ཁོང་ཚོས་འདི་འདྲ་མཐུས་ཤོར་དང་ཉམ་ཆགས་གཏོང་ན་གང་འདྲས་བྱེད་དགོས་རེད་བྱས་པས། ང་ཚོའི་རོགས་པ་གྲྭ་བ་དེས། དགེ་འདུན་པ་ལ་དེ་འདྲ་ལབ་རུང་གི་མ་རེད་ཅེས་གསུངས་སོང་”ཞེས་དང་།

ཡང་ཁོང་གིས་ལྷ་སའི་སྦྱར་ཡིག་ནང་གི་བོད་ཡིག་འདི་ཚོས་སེམས་ཕམ་བྱུང་ཚུལ་སྐོར་གསུངས་དོན། “ནམ་རྒྱུན་ལྷ་སའི་གཡས་གཡོན་ལ་བོད་ཡིག་གི་ལམ་ནས་དྲིལ་བསྒྲགས་ཀྱི་སྦྱར་ཡིག་ཧ་ཅང་མང་པོ་ཞིག་སྦྱར་ཡོད། དེ་རྣམས་ལ་ཞིབ་ཀྱིས་བལྟས་ན། ཡིག་ནོར་གྱིས་འཚང་རྒྱག་པ་ལྟ་བུ་མཐོང་ཡོང་གི་འདུག ང་ནི་དེ་ཚོ་ལ་བལྟས་ཀྱིན་བལྟས་ཀྱིན་སེམས་པ་ན་ཡོང་གི་འདུག་ཟེར། མཚམས་རེ་ང་ཚོས་དེ་དག་གི་ཡིག་ནོར་རྣམས་བཅོས་ཐུབ་ཚད་བཅོས་ནས་འགྲོ་གིན་ཡོད་”ཅེས་གསུངས་སོང་།

མཐའ་མཇུག་ཏུ་ཁོང་གིས་བཙན་བྱོལ་ནང་གི་སློབ་ཐོན་པ་དང་བོད་ཀྱི་སྐད་ཡིག་བར་གྱི་གནས་སྟངས་ཤིག་གསུངས་དོན། “ངའི་རོགས་པ་ཞིག་ཡོད། ཁོང་ནི་ངའི་གྲོགས་པོ་ཡག་ཤོས་ཤིག་རེད། ཁོང་རྒྱ་གར་མ་སུ་རི་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་འདིར་ཚུར་ཡོང་བ་རེད། ཁོང་ཐོག་མ་ང་དང་འཕྲད་དུས་ངས་ཁོང་གི་སྐད་ཆ་མང་པོ་ཞིག་ཧ་གོ་གིན་མི་འདུག གང་ཡིན་ཟེར་ན། ཁོང་གིས་དབྱིན་སྐད་མང་པོ་ཞིག་བསྲེས་ནས་རྒྱག་ཡོང་གི་འདུག་ལ།  དེས་མ་ཚད། ཧབ་ཏ་ཟེར་བ་དང་། ཏ་རིག་ཟེར་བ་སོགས་ཁྱད་མཚར་དེ་འདྲ་ལབ་ཡོང་གི་འདུག རྗེས་མ་ཞིག་ལ་ཁོང་གིས་ང་ལ་དེ་དག་གི་དོན་དག་བསླབ་སོང་། ད་དུང་ཡ་མཚན་པ་ཞིག་ལ། ཁོང་ཚོས། ང་འགྲོ་སོང་ཟེར་བ་དང་། ང་དྲན་པ་བརྗེད་འདུག་ལབ་ཀྱིན་འདུག  སྐད་ཆ་འདི་ཚོ་ཐོས་དུས་ཁྱད་མཚར་ཞེ་བོ་འདུག”ཅེས་གསུངས་སོང་།

༢༠༡༠་༡༢་༣་མཚན་མོར་འཆམ་ར་བས་བྲིས།