ཨ་རིར་རྒྱ་བོད་ལྷན་འཛོམས་ཀྱིས་དུས་དྲན་སྲུང་བརྩི།
བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ཀྱིས་འདི་གར་གནས་ཚུལ་མཁོ་གཏོང་བྱས་པའི་ནང་འཁོད་དོན། ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཟླ་འདིའི་ཚེས་༡༡ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༡ འཁོར་བར་དགའ་སྟོན་གྱི་དྲན་གསོ་དང༌། རྒྱ་རིགས་ཤེས་ཡོན་ཅན་ལིའུ་ཞའོ་པོ་ལ་ཉིས་སྟོང་བཅུ་ལོའི་ནོ་སྦེེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་བཀྲ་ཤིས་རྟེན་འབྲེལ་གྱི་མཛད་སྒོ་ཞིག་དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ཿ༣༠ ཐོག་སྐུ་ཚབ་དོན་གཅོད་ཉེ་འགྲམ་གྱི་ལམ་ཨང་སོ་བཞིར་ཆགས་པའི་ཚོགས་ཁང་ཞིག་གི་ནང་བསྐོང་ཚོགས་གནང་ཞིང༌། དགའ་སྟོན་གྱི་དྲན་གསོ་དང༌། རྟེན་འབྲེལ་ཞུ་བའི་མཛད་སྒོ་དེ་ནི་སྔར་སྲོལ་བོད་ལུགས་ལྟར་དབུ་ཚུགས།
ཆེད་དུ་གདན་ཞུ་བྱས་པའི་ནིའུ་ཡོག་གྲོང་ཁྱེར་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་ཤཱ་མིན་ནས་ལིའུ་ཞའོ་པོ་ཡི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་དྲྭ་རྒྱའི་ལམ་ནས་པར་གཞི་དང་འབྲེལ་ཏེ་ངོ་སྤྲོད་གནང་ཡོད་པ་དང༌། རྩོམ་པ་པོ་དང་སྲིད་དོན་དབྱེ་ཞིབ་པ་ཡིན་པའི་གྲཱ་ཕོ་ཁུང་དང༌། ཀོ་ལིམ་པ་ཡ་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་གི་མཚན་གནས་ཡོད་པའི་ཝང་ཅུན་ཐའོ་ཡིས་མཛད་སྒོར་གསུང་བཤད་གནང༌། དེ་ཡང་གྲན་པོ་ཁུང་གིས། རྒྱ་རིགས་ཤེས་ཡོན་ཅན་ལིའུ་ཞའོ་པོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དང༌། ལོ་ངོ་ཉེར་གཅིག་གི་སྔོན་ལ་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ནི་རྒྱ་རིགས་ཀྱི་གཟི་བརྗིད་ཡིན་ལ། བོད་རིགས་ཀྱི་གཟི་བརྗིད་ཀྱང་ཡིན་པས་དེ་རིང་ནི་ཆེས་དོན་སྙིང་ལྡན་པའི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པའི་སྐོར་དང༌། བོད་རྒྱ་མི་རིགས་གཉིས་ནི་རྒྱ་ནག་དམར་པོའི་གཅིག་སྡུད་སྲིད་དབང་འོག་དཀའ་སྡུག་མྱོང་མཁན་གཅིག་གྱུར་ཡིན་པས་མི་རིགས་གཉིས་དབར་སྔར་བས་འཆམ་མཐུན་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཡིན་པའི་སྐོར། རྒྱ་ཡི་ཡུལ་ལ་བཀའ་དྲིན་ཆེ་བའི་འབྲི་ཆུ་དང༌། རྨ་ཆུ་ནི་བོད་ནས་འབྱུང་ཞིང༌། ཁ་སྐོམ་དུས་ཁྲོན་པ་དྲན་ཞེས་པའི་དཔེ་ལྟར་རྒྱ་རིགས་མི་མང་གིས་བོད་ཀྱི་བཀའ་དྲིན་དུས་ནམ་ཡང་བརྗེད་རྒྱུ་མིན་པའི་སྐོར། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་འབུལ་དགོས་པའི་ཡོངས་གྲགས་རྒྱབ་སྐྱོར་གནང་བར་ང་ཚོ་རྒྱ་རིགས་ཚང་མས་ཐུགས་རྗེ་ཆེ་ཞུ་རྒྱུ་སོགས་གསུངས།
ཝང་ཅུན་ཐའོ་ཡིས། ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ནས་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་རྒྱུ་མཚན་ཁ་ཤས་དྲངས་ཡོད་པའི་ཁོངས་ནས་གལ་ཆེ་ཤོས་གཅིག་ནི་ཉིས་སྟོང་བརྒྱད་ལོའི་ཁྲིམས་ཞེས་པ་དེ་ཡིན་པའི་རྒྱུ་མཚན་གསུང་ཡོད་པ་དང༌། ཉིས་སྟོང་བརྒྱད་ལོའི་ཁྲིམས་ཀྱི་ཞིབ་ཕྲའི་ནང་དོན་དེ་དག་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཆབ་སྲིད་བཞེད་དགོངས་ལ་བརྡ་ལན་བྱས་ཡོད། ངོས་རང་ ༡༩༩༤ ལོར་ཨ་རིར་འབྱོར་བའི་སྐབས་ྋགོང་ས་མཆོག་ཀྱང་ཨ་རིར་ཆིབས་སྒྱུར་གནང་བཞིན་པའི་སྐབས་དང་ཁེལ་འདུག་པས་སྐབས་དེ་དུས་ཨ་རི་བ་ཁ་ཤས་ཀྱིས་ང་ལ་ྋགོང་ས་མཆོག་མཇལ་རྒྱུའི་དུས་ཚོད་སྒྲིག་རྒྱུ་ཡིན་ཚུལ་བཤད་ཀྱང༌། ངས་མཇལ་མ་ནུས། རྒྱུ་མཚན་ནི་སྐབས་དེ་དུས་ངས་རྒྱུས་ཡོད་པའི་ཏཱ་ལའི་བླ་མ་ནི་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་པའི་ཏཱ་ལའི་བླ་མ་དེ་ཡིན། ཡིན་ན་ཡང་ ༡༩༩༥ ལོར་ྋགོང་ས་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་ཞིང༌། ཁོང་གི་བྱམས་དང༌། སྙིང་རྗེ། གཞན་ལ་བརྩི་བཀུར། རྣམ་དཔྱོད། ཚེ་མེད་ཞི་བ། འགྲོ་བ་མིའི་རིན་ཐང་བཅས་ཀྱི་དགོངས་པ་དེ་ཚོ་དང༌། ལྷག་པར་དུ་ཁོང་གི་ཆབ་སྲིད་ཀྱི་བཞེད་དགོངས་གང་ཡིན་པ་རང་ཉིད་ནས་དངོས་སུ་ཤེས་རྟོགས་ཡོང་དུས་ངའི་སེམས་ལ་རྦད་དེ་འགྱུར་བ་ཐེབས་སོང༌། ལོ་ངོ་ཉེར་གཅིག་སྔོན་ལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བོད་རིགས་འདི་ད་ལྟ་ཡང་རང་ཡུལ་བྲལ་ནས་བཙན་བྱོལ་ལ་ཞུགས་ཡོད་པ་དང༌། འདི་ལོའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་དེ་ད་ལྟ་རང་དབང་བྲལ་ནས་བཙོན་ཁང་དུ་ཡོད་པས། རྒྱ་བོད་མི་རིགས་གཉིས་ནི་དམར་པོའི་སྲིད་དབང་སྲིད་དབང་གཅིག་སྡུད་ཀྱི་འོག་ལ་ཡོད་པའི་གནས་སྟངས་འོག་མི་རིགས་འདི་གཉིས་ཀྱིས་ད་དུང་བསྐྱོད་རྒྱུར་བསྡད་པའི་ལམ་བུ་ཀྱག་ཀྱོག་ཡིན་མོད། འོན་ཀྱང་སྲིད་དབང་གཅིག་སྡུད་ཀྱིས་མི་ལ་མནར་གཅོད་གཏོང་ཐུབ་ཀྱང༌། མི་དམངས་ཀྱི་རང་དབང་དང་དམངས་གཙོར་བཅངས་པའི་བསམ་བློ་ནི་མནར་གཅོད་གཏོང་ཐབས་མེད་པ་ཅིག་རེད་སོགས་གསུངས།
དེ་རྗེས་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་ནས། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༡ འཁོར་བའི་དགའ་སྟོན་དྲན་གསོའི་མཛད་སྒོའི་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་རྗེས་བཀའ་སློབ་གནང་དོན། བར་ལམ་ནས་ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་མ་བཞེས་པར་བགྲེས་ཡོལ་ཕེབས་རྒྱུའི་བཀའ་བསྩལ་བ་བརྒྱུད་ལམ་ཁག་ཏུ་ཐོན་དང་ཐོན་བཞིན་ཡོད་པ་དེ་ཚོར་མང་ཚོགས་ནས་ངེས་པར་དུ་དོ་སྣང་དང་འབྲེལ་བློ་འཚབ་ཀྱི་ཚོར་སྣང་ཞིག་ཡོང་དགོས་པའི་སྐོར་དང༌། རྒྱ་ནག་གཞུང་དང༌། ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་རྩ་མེད་བཟོ་རྒྱུའི་ངན་བྱུས་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་དེ་དག་ལ་རང་རེ་མང་ཚོགས་ནས་མགོ་སྐོར་འོག་མ་ཐེབས་པའི་ཐུགས་སྣང་དགོས་པའི་སྐོར། བོད་མི་རིགས་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་རྣམས་རང་རེ་མི་རབས་གསར་པའི་གཞོན་སྐྱེས་རྣམས་ཀྱི་རྒྱུད་ལ་འཇགས་པ་བྱེད་རྒྱུར་ཕ་མ་སོ་སོ་དང༌། ཁྱིམ་ཚང་སོ་སོ། སྤྱི་ཚོགས་བཅས་ཁྱོན་ཡོངས་ནས་འགན་ཁུར་ཆེ་ཙམ་བཞེས་དགོས་པའི་དུས་ལ་བབ་ཡོད་པའི་དྲན་སྐུལ་གནང༌།
ཡང་སྐུ་ཚབ་དོན་གཅོད་མཆོག་ནས་མཛད་སྒོར་ཕེབས་པའི་རྒྱ་རིགས་རྣམས་ལ་དམིགས་བསལ་གྱི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་པ་དང༌། རྒྱ་རིགས་མཁས་དབང་ལིའུ་ཞའོ་པོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ནི་ལིའུ་ཞའོ་པོ་མི་རྐྱང་པ་གཅིག་གི་དོན་དུ་མིན་པར། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་རྒྱ་རིགས་ཡོངས་ཀྱི་འབད་བརྩོན་དང་ལེགས་སྐྱེས་ལ་རྒྱལ་སྤྱིའི་ངོས་འཛིན་དང༌། གདེང་འཇོག་ཐོབ་པ་ཞིག་ཡིན་པས་དེར་ཡོད་རྒྱ་རིགས་གྲོགས་པོ་རྣམ་པས་དམིགས་ཡུལ་དེའི་ཆེད་འབད་བརྩོན་གནང་བ་དང༌། ཕུལ་བའི་ལེགས་སྐྱེས་ལ་ཐུགས་རྗེ་ཆེ། རྒྱ་རིགས་གྲོགས་པོ་རྣམ་པར་དམིགས་བསལ་གྱི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཅེས་གསུངས།
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ནས་ཀྱང་ནིའུ་ཡོག་དང༌། ནིའུ་འཇར་སི་བོད་མི་ཚང་མའི་ཚབ་ཞུས་ཏེ་ཐོག་མར་རྒྱ་རིགས་གྲོགས་པོ་ཡོངས་ལ་འཚམས་འདྲི་དང༌། ལིའུ་ཞའོ་པོ་ལ་ཉིས་སྟོང་བཅུ་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བར་བཀྲིས་བདེ་ལེགས་ཞུ་བའི་རྣམ་འགྱུར་མཚོན་པ་གནང་རྗེས། བོད་རིགས་སྤྱི་མཐུན་པའི་སྤྱི་ཁང་ངམ་རིག་གཞུང་བསྟི་གནས་གསར་སྐྲུན་སྐོར་གྱི་གནས་སྟངས་གསར་པ་ཚོགས་ཡོངས་ལ་འགྲེལ་བཤད་ཞུས། དེ་ནས་ཉིན་མོའི་སློབ་གྲྭའི་སློབ་ཕྲུག་དང༌། ཆོལ་གསུམ་ཟློས་གར་ཚོགས་པ། ཚོགས་སྐྱིད་ཁག སྒེར་པ་གཞས་པ་དང་གཞས་མ་རྣམས་ནས་དགའ་སྟོན་དྲན་གསོ་དང༌། རྟེན་འབྲེལ་གྱི་རྣམ་འགྱུར་མཚོན་པར་བྱེད་ཆེད་རིག་གཞུང་འཁྲབ་སྟོན་གནང༌།
མཛད་སྒོར་ཕེབས་པའི་རྒྱ་རིགས་སྙན་ངག་པ་ཧོང་ཞང་གིས་རིག་གཞུང་འཁྲབ་སྟོན་གཟིགས་རྗེས་བོད་མིའི་ཐུན་མོང་མ་ཡིན་པའི་གཞས་ཞབས་བྲོ་དང༌། གླུ་དང་གར་དེ་ཚོ་ནི་དངོས་གནས་མིང་དོན་མཚུངས་པའི་ཤར་ཕྱོགས་པའི་རིག་གཞུང་ཐུང་མོང་མ་ཡིན་པ་ཞིག་རེད་འདུག་ཅེས་རིག་གཞུང་འཁྲབ་སྟོན་གཟིགས་བཞིན་དུ་མིག་ཟུང་ནས་འཆི་མ་ལྷུང་ལྷུང་དུ་འབབ་སྐབས་ཁོང་གི་ཁྲིས་ལ་ཡོད་པའི་སྐུ་ཚབ་དོན་གཅོད་དང༌། དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་གཉིས་ལ་ཡང་སེམས་སྐྱོ་ལྷང་ལྷང་གི་ཚོར་སྣང་ཟབ་མོ་བྱུང༌།
མཇུག་ཏུ་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསོད་ནམས་རྒྱ་མཚོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་དངོས་གཞི་མཇུག་བསྒྲིལ། ཕྱི་དྲོ་གཞས་དང་ཞབས་བྲོའི་ལས་རིམ་སྐབས་རྒྱ་རིགས་བཅུ་ནས་དགའ་སྣང་ཆེན་པོའི་ངང་སྡེང་ཆའི་ཐོག་ཕེབས་ནས་རྨོ་ལི་ཧྭ་ཞེས་པའི་རྒྱ་གཞས་བཏང༌། གཞས་དེ་ནི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཨོ་སོ་ལོར་ཚོགས་པའི་གཟེངས་རྟགས་ཕུལ་བའི་མཛད་སྒོ་དངོས་གཞིའི་ཐོག་ཞི་བདེའི་གཟེངས་སྟངས་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་དམིགས་བསལ་གྱི་གཞས་དེ་ཡིན། ཐེངས་འདིའི་མཛད་སྒོར་དགུང་ལོ་ ༨༨ ལ་ཕེབས་པའི་ཕྱི་སྡོད་གྲགས་ཅན་རྒྱ་རིགས་རྩོམ་པ་པོ་བགྲེས་སོང་རྡུང་ཏིང་ཧྲན་ཡང་ཆེད་ཕེབས་གནང་ཡོད་པ་བཅས།
{jcomments on}