བོད་མི་བརྒྱ་ཆ་༦༥ གནས་སྤོ་ཡི་ཡིན་ཟེར་གྱི་འདུག

ད་ལྟའི་སྐབས་བཙན་བྱོལ་ནང་ཡོད་པའི་མི་འབོར་མང་ཆེ་བས་སྡོད་གནས་གཉིས་སམ་གསུམ་སྤོས་ཚར་མཁན་ཧ་ཅང་མང་པོ་ཡོད་པས། དེའི་རྐྱེན་གྱིས་བོད་གཞུང་གི་གཞིས་ཆགས་སྲ་བརྟན་གྱི་ལས་འཆར་འགྲོ་བཞིན་པ་དེ། ལམ་ལྷོང་ཡོང་མེད་ཀྱང་ཤོད་ཚོད་དཀའ་བ་ལྟ་བུ་ཆགས་ཡོད་པ་རེད།

རྒྱ་གར་ནང་ཡོད་པའི་བོད་མི་ཚོ་རང་རང་གི་ས་གནས་སུ་གཏན་འཇགས་གནས་ཐུབ་ན། ཆོས་ཕྱོགས་ཀྱི་སློབ་གཉེར་བྱེད་སའི་དགོན་སྡེ་དང།  བོད་ཕྲུག་ཚོས་རང་ཉིད་ཀྱི་རིག་གཞུང་སྦྱང་སའི་བོད་པའི་སློབ་གྲྭ། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་སྟོན་མཁན་བོད་གཞུང། མི་རབས་རྒན་གཞོན་དང། བོད་ནས་ཕེབས་མཁན་གྱི་མི་ཚོའི་བསམ་ཚུལ་ཉན་རེས་བྱས་པའི་གོ་སྐབས་སོགས་ཧ་ཅང་མང་པོ་ཡོད་པས། ད་དུང་བཙན་བྱོལ་ནང་ལོ་གྲངས་ལྔ་བཅུ་དང་ལོ་བརྒྱ་སོགས་ག་ཚོད་བསྡད་དགོས་རུང། རྩ་དོན་འཐབ་རྩོད་ཀྱི་ནུས་པ་མ་ཉམས་པ་དང་། བོད་མིའི་ངོ་བོ་མ་བརླགས་པ། བོད་པའི་རིག་གཞུང་གཅེས་འཛིན་སོགས་རྒྱུན་གནས་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག

ད་ལྟའི་སྐབས་ཅུང་ཟད་བློ་འཚབ་བྱེད་དགོས་ས་ཞིག་ནི། བོད་མི་མང་པོས་ཕྱི་རྒྱལ་ལ་ཐར་ཐབས་ཀྱི་ཐབས་ལམ་སྣ་ཚོགས་བྱེད་བཞིན་ཡོད་ཅིང། ཕྱི་རྒྱལ་དུ་བོད་མི་མང་པོ་འདུས་སྡོད་ཀྱི་ས་ཆ་ཧ་ལམ་དཀོན་པོ་ཡིན་པ་དང། ལས་ཀའི་དབང་གིས་ལོ་སར་སོགས་དུས་སྟོན་སྐབས་ཉིན་གྲངས་འགའི་རིང་ཐུག་པ་ལས། གཞན་ལོ་གཅིག་གི་ནང་ཐུག་འཕྲད་ཀྱི་གོ་སྐབས་མེད་ཟེར་ནའང་ཆོག་པ་རེད། དེ་བཞིན་རྒྱ་གར་ནང་ཡོད་པའི་བོད་མི་ཚོའི་སྤྱི་ཚོགས་བཞིན། དགོན་སྡེ་དང་བོད་པའི་སློབ་གྲྭ  བོད་གཞུང་གི་ལངས་ཕྱོགས་ཇི་ཡིན་མཐོང་ཐབས་ཀྱི་བརྒྱུད་ལམ་མེད་པས། འདི་ནི་བོད་མི་རིགས་ཁ་འཐོར་དང་ལས་དོན་མཉམ་རུབ་མི་ཡོང་བའི་ཉེན་ཁ་ཞིག་ཏུ་འགྱུར་གྱི་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས་རྒྱ་གར་ནང་ཟ་ཁང་དུ་གཡོག་པོ་བྱས་པ་དང། ཕྱི་རྒྱལ་ནང་ཟ་ཁང་དུ་གཡོག་པོ་བྱས་པ་གཉིས། ཟ་ཁང་དུ་གཡོག་པོ་བྱས་པ་གཅིག་མཚུངས་ཡིན་པ་དང་དེ་ལས་ཕྱི་རྒྱལ་དུ་གླ་ཆ་ལྡབ་འགྱུར་རག་གི་ཡོད་པ་དང།  བོད་ནང་དང་རྒྱ་གར་ནང་ཡོད་པའི་རང་ཉིད་ཀྱི་ནང་མི་སྤུན་མཆེད་ལ་ཕན་ཐོག་གི་ཡོད་པས། ཕྱི་རྒྱལ་དུ་གཡོག་པོ་བྱས་ན་བཟང་ཟེར་མཁན་ཡོད་པར་རྒྱུ་མཚན་མེད་པ་མིན། ད་དུང་ལ་ལས་རང་ཉིད་ཀྱི་བུ་ཕྲུག་ཕྱི་རྒྱལ་སློབ་གྲྭ་ཁག་ཏུ་བཏང་ནས། མ་འོངས་པར་བོད་གཞུང་དང་བོད་མི་ལ་ཕན་ཐོག་མཁན་ཞིག་ཆགས་པའི་གོ་སྐབས་ཡོད་ཟེར་གྱི་ཡོད། དེ་ལའང་བསམ་བློ་གཏོང་ས་གཏན་གཏན་ཡོད། ཡིན་ནའང་སྔོན་དུས་དྲུག་ཅུ་རེ་གྲངས་ནས་ཨུ་རུ་སུ་དང་སུད་སི་སོགས་སུ་བོད་མི་མང་པོ་ཕྱི་རྒྱལ་དུ་སོང་ཡོད་པ་དང། དེ་དག་གི་བུ་ཕྲུག་སུ་འདྲ་ཞིག་ད་ལྟའི་སྐབས་བོད་གཞུང་དང་བོད་མིར་ཕན་ཐོག་མཁན་ཞིག་སླེབས་མྱོང་ཡོད་མེད་ལ་དཔྱད་ཞིབ་བྱེད་དགོས། ངའི་མཐོང་སྣང་ལ་སྐབས་དེ་དུས་སོང་བའི་བུ་ཕྲུག་ཚོ་དེང་སྐབས་རྒྱ་གར་ནང་བོད་སྐད་ཙམ་སྦྱང་ས་ཡོང་བཞིན་ཡོད་ཅིང། མང་པོ་ཞིག་ལ་དེ་ཙམ་རེ་བ་མེད་པའི་རྣམ་པ་ཐོན་བཞིན་ཡོད་པས་བསམ་བློ་གཏོང་ས་གཅིག་རེད། དྲི་བ་གཞན་ཞིག་ཡོང་གི་ཡོད་པ་ནི། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་རང་ཉིད་འཚར་ལོངས་བྱུང་སའི་ལུང་པ་དེའི་སློབ་སྦྱོང་གི་ཆུ་ཚད་ཐོག་ནས། བོད་མི་དང་བོད་གཞུང་ལ་ཕན་ཐོག་མཁན་ཞིག་ཆགས་ཐུབ་ཡོད་མེད་དེ་གནད་འགག་རེད།