རྒྱ་ནག་གིས་ལོ་གཅིག་ནང་དྲ་རྒྱ་ཁྲི་དྲུག་བཀག་སྡོམ་བྱས་འདུག

ཟླ་འདིའི་ཚེས་༡ ཉིན་རིའུ་ཊར་དྲ་ལམ་ཐོག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ནང་དྲ་རྒྱ་མང་ཤོས་བེད་སྤྱོད་གཏོང་མཁན་རྒྱ་ནག་ཆགས་ཀྱི་ཡོད་པ་དང། དེ་བཞིན་གྷུའུ་གྷལ་དྲ་ལམ་དང་ནུབ་ཕྱོགས་པའི་གསར་འགྱུར་བརྒྱུད་ལམ་གྱི་དྲ་གནས་ཡོངས་རྫོགས། རྒྱ་ནག་དབུས་གཞུང་གི་བཀོད་ཁྱབ་འོག་ནས་བཀག་སྡོམ་བྱེད་བཞིན་ཡོད་པ་རེད།  དེ་ཡང་“ནུབ་ཕྱོགས་པའི་ཕྱོགས་ལྷུང་རིང་ལུགས་ཀྱིས་རྒྱ་ནག་གི་ཆིག་སྒྲིལ་ལ་གཏོར་བཤིག་གཏོང་གི་ཡོད་པ་དང། མི་མང་གི་བདེ་འཇགས་མི་དཀྲོག་པའི་ཆེད་དུ་དྲ་ལམ་རྣམས་གང་བྱུང་བེད་སྤྱོད་གཏོང་མི་རུང་”ཞེས། མི་མང་གི་ཆེད་དུ་དྲ་ལམ་བཀག་འགོག་བྱེད་བཞིན་ཡོད་སྐོར་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་པ་རེད།
ད་ཐེངས་ལོ་གཅིག་གི་ནང་དྲ་རྒྱ་ཁྲི་དྲུག་བཀག་སྡོམ་བྱས་ཡོད་པ་དེ། གཙོ་བོ་སློབ་མ་དང་ཕྲུ་གུ་བཅས་ཀྱི་སྤྱོད་ལམ་ལ་གནོད་པའི་འཁྲིག་སྤྱོད་ཀྱི་རིགས་སོགས་ཡིན་པ་དང།  དྲ་རྒྱ་དེ་རིགས་ཚོང་གཉེར་བྱེད་མཁན་གྱི་མི་གྲངས་ ༤༩༦༥ ལྷག་ཙམ་ཡོད་པའི་ཚོད་དཔག་བྱས་པའི་ཁྲོད་ནས། མི་མང་པོ་ཞིག་འཛིན་བཟུང་བྱས་ཏེ་ལོ་གྲངས་མི་འདྲ་བའི་ཁྲིམས་ཆད་བཏང་ནས་བཙོན་འཇུག་བྱས་ཡོད་པ་དང།  དོགས་ཡོད་མང་པོ་ཞིག་བཀག་ཉར་ཁང་དུ་འདྲི་བརྩད་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེེད།
རྒྱ་ནག་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་ཝོན་ཁྲིན་གྱིས། གསར་འགོད་ལྷན་ཚོགས་ཤིག་གི་ཐོག་དྲ་ལམ་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་བརྗོད་དོན། “ང་ཚོས་དྲ་ལམ་གྱི་ཁོར་ཡུག་འདི་སྔར་ལས་ལྷག་པ་གཙང་མ་བཟོས་ཟིན་པ་དང། སྒྱུར་བཅོས་འདིའི་ཐོག་ནས་སྤྱི་ཚོགས་ཀྱི་གནས་བབ་བཟང་དུ་འགྲོ་བ་དང་མཉམ་དུ། འཁྲིག་སྤྱོད་སོགས་སྤྱོད་ངན་གྱི་རིགས་དར་ཁྱབ་མི་འགྲོ་བ་དང།  དེ་བཞིན་འབྱུང་འགྱུར་ཡང་འཚེ་བའི་ལས་སོགས་ཀྱི་གནས་ཚུལ་དར་ཁྱབ་མི་འགྲོ་བའི་ཆེད་དུ། ང་ཚོའི་ལས་འགུལ་འདི་མུ་མཐུད་ནས་དར་ཁྱབ་གཏོང་ངེས་ཡིན་”ཞེས་བརྗོད་ཡོད་ཀྱང། འདི་དང་མཉམ་དུ་ནུབ་ཕྱོགས་པའི་གསར་འགྱུར་བརྒྱུད་ལམ་གྱི་དྲ་ལམ་རྣམས་བཀག་འགོག་དང། དྲ་ལམ་གྱི་ཐོག་ནས་ཆབ་སྲིད་ལས་འགུལ་སྤེལ་མཁན་འཚོལ་ཞིབ་སོགས་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲ་རྒྱ་བཀག་འགོག་བྱས་པ་དེའི་མི་མང་གི་སྨྲ་བརྗོད་རང་དབང་དང། རྒྱལ་སྤྱིའི་ཆབ་སྲིད་གནས་བབ་ཤེས་རྟོགས་ལ་གནོད་སྐྱོན་གཏང་གི་ཡོད་པ་མ་ཟད། བོད་དང་ཡུ་ཀུར་མི་རིགས་ཀྱི་གནས་སྟངས་བརྒྱུད་ལམ་དུ་སླེབས་དམིགས་བསལ་གྱིས་བཀག་འགོག་བྱེད་ཀྱི་ཡོད་པ་རེད།།

{jcomments on}