གཉན་ཆེན་པོ་ཐང་ལྷའི་གསོལ་སྐུལ།(བཙོན་ཁང་དུ་སེམས་ཤིན་ཏུ་སྐྱོ་སྐབས)
ཀྱེ། སྲིད་པའི་ལྷ་ཆེན་ནི། །ཟུར་ཕུད་ལྔ་པ་སོགས། །བོད་སྐྱོང་ལྷ་རབས་རྣམས། །དགོངས་ཤིག་བདག་ལ་དགོངས། །
(རན་ལ་འཚམས་པའི་གདངས་དབྱངས་ཤིག་གི་ཆེད་དུ་ཚིགས་བཅད་རེའི་མཚམས་སུ་ཀྱེ་རེ་རེ་ཡོད་ཀྱང་སྤྱིར་བཏང་ཀློག་སྐབས་མ་བཀླགས་ན་ཡང་འགྲིགས)
ཀྱེ། དེ་རིང་དཔལ་གྱི་ཉིན། །གནམ་ལ་སྐར་མ་བཟང༌། །ས་ལ་དུས་ཚོད་བཟང༌། །བར་ལ་ལ་ཉེ་བཟང༌། །
ཀྱེ། རི་བོ་གཉན་གྱི་གནས། །ཆུ་བོ་ཀླུ་ཡི་ཁྱིམ། །ལྗོན་ཤིང་ལྷ་ཡི་ཚལ། །གར་བཞུགས་སྲིད་པའི་ལྷ། །
ཀྱེ། རི་བོ་གནག་གིས་གང༌། །རྒྱ་མཚོ་གཏེར་གྱིས་ཕྱུག །ཡུལ་ཀླུང་འབྲུ་ཡི་མཛོད། །དགྱེས་པའི་མཐུན་རྫས་འབུལ། །
ཀྱེ། རྔ་རོལ་དབྱངས་སྙན་དང༌། །མཐུན་པའི་སྤྱན་གཟིགས་ནི། །མི་བཟད་ནམ་མཁའི་མཛོད། །བག་དྲོ་བྱིན་རེ་ཆགས། །
ཀྱེ། དྲི་ཞིམ་བསང་དུད་དང༌། །གཡག་ལུག་འབྲས་དཀར་སོགས། །རི་ལྟར་དཔངས་རེ་མཐོ། །འདི་ཡང་ཁྱེད་ལ་འབུལ། །
ཀྱེ། འོ་ཕུད་ཆང་ཕུད་དང༌། །བདུད་རྩི་གསེར་སྐྱེམས་ནི། །མཚོ་ལྟར་གཏིང་རེ་ཟབ། །འདི་ཡང་ཁྱེད་ལ་འབུལ། །
ཀྱེ། བདག་ནི་སྒྲུབ་པ་པོ། །ཁྱེད་ནི་སྲིད་པའི་ལྷ། །གཡར་དམ་གཅིག་ལགས་ན། །ལས་ལ་མི་གཡེལ་འཚལ། །
ཀྱེ། མགྱོགས་སུ་རྟ་ཕོ་བཞོན། །རྣོ་རུ་མཚོན་ཆ་ཐོགས། །ཕོ་ཉ་ཡང་འཁོར་བཅས། །མངགས་པའི་ལས་ལ་ཆོས། །
ཀྱེ། རླུང་ནག་འཚུབ་མ་ནི། །དུས་ཀྱི་མུན་ལྟར་འཐིབ། །དྲག་པོའི་ཆ་སྒྲ་ནི། །འབྲུག་སྟོང་ལྡིར་བ་འདྲ། །
ཀྱེ།རེས་འགའ་ཞི་བའི་ཉམས། །དཀར་གསལ་འོད་ཟེར་འབར། །སྦ་ལྕག་ཤེལ་ཕྲེང་འཛིན། །དར་དཀར་ན་བཟའ་གསོལ། །
ཀྱེ། སྐུ་ཡི་གཟི་བྱིན་ནི། །ཉི་མ་ཤར་བ་འདྲ། །ཐུགས་ཀྱི་དགྱེས་སྡེ་ནི། །སླད་ཀྱི་རྗེས་སུ་འབྲངས། །
ཀྱེ། དེ་རིང་འདི་རུ་བྱོན། །མཐུན་པའི་རྫས་ལ་རོལ། །རྡོ་རྗེའི་ཐ་ཚིག་བཞིན། །སྒྲུབ་པོ་བུ་བཞིན་སྐྱོངས། །
ཀྱེ། དགོང་སྔོན་ནམ་མཁའ་ན། །ཉི་ཟླ་མདངས་རེ་ཆེ། །དོག་མོ་མར་སྟེང་ན། །གཉན་ཆེན་གཟི་བྱིན་ལེགས། །
ཀྱེ། ཤར་ལྷོ་ནུབ་བྱང་གི །ཕྱོགས་སྐྱོང་སྡེ་བརྒྱད་ཀུན། །ཁྱོད་ཀྱིས་བཀའ་ལ་ཉན། །ཁྱོད་ནི་ཆེ་བཙན་བདག །
ཀྱེ། ད་དུང་སྙན་གསོན་དང༌། །ཐུགས་དམ་གནད་ནས་བསྐུལ། །ཐ་ཚིག་དྲན་གྱིས་ལ། །ཕྱི་ནང་བར་ཆད་སོལ། །
ཀྱེ། སྔོན་ཚེ་སངས་རྒྱས་ཀྱིས། །ཆོས་འཁོར་བསྐོར་བའི་ཚེ། །ཐུབ་པའི་ཞལ་མཐོང་ནས། །བསྟན་པ་སྐྱོང་བར་མནོས། །
ཀྱེ། བར་དུ་བོད་ཀྱི་ཡུལ། །གཤེན་རབ་མི་བོ་ཆེས། །ངེས་པའི་ལུང་ཕོག་ནས། །རྗེ་ཡི་སྲུང་མར་བསྐོས། །
ཀྱེ། མཐའ་མ་པད་འབྱུང་གིས། །བོད་ཀྱི་ལྷ་སྲིན་ཀུན། །དམ་ལ་བཏགས་པའི་ཚེ། །ཐ་ཚིག་གཉེར་བྱང་བླངས། །
ཀྱེ། གཞན་ཡང་ལྷ་སྲིན་ཀུན། །ཧས་པོ་རི་ཡི་རྩེར། །པདྨ་འབྱུང་གནས་ཀྱིས། །ཐ་ཚིག་གནད་ལ་བཀལ། །
ཀྱེ། ད་ལྟ་བོད་ཡུལ་གྱི། །སྲིད་པའི་ལྷ་ཆེན་དགུ །མགུལ་ལྷ་བསྟན་པ་བཅས། །ཐམས་ཅད་གང་དུ་བཞུད། །
ཀྱེ། ཆོལ་གསུམ་བོད་ཡུལ་ན། །བསྟན་པའི་མངའ་ཐང་ཉམས། །ཟ་ཐང་བསོད་ནམས་བྲི། །རླུང་རྟའི་བ་དན་རལ། །
ཀྱེ། མངའ་བདག་གདུང་བརྒྱུད་ཆད། །ཆོས་རྒྱལ་དམངས་སུ་ཕབ། །མཐའ་དམག་རུ་མཚོན་གཟེངས། །ཅིས་ཀྱང་སྡུག་རེ་བསྔལ། །
ཀྱེ། སྲིད་པའི་གཉན་ཆེན་ནི། །ཐང་ལྷ་ཡར་ལྷ་ཁྱེད། །བོད་ཡུལ་ལྷ་སྲིན་གྱི། །ཐུ་བོ་གཅིག་པུ་ལགས། །
ཀྱེ། བསྟན་མ་བཅུ་གཉིས་དང༌། །མགུར་ལྷ་ལྷ་རབས་བཅས། །བོད་ཡུལ་སྐྱོང་བ་ལ། །ཐ་ཚིག་གཅིག་ལགས་སོ། །
ཀྱེ། རྣལ་འབྱོར་བདག་གི་ལྷ། །དམ་ལྡན་ཡོངས་ཀྱི་མགོན། །བོད་ཡུལ་དབུས་ཀྱི་བདག །ཟུར་ཕུད་ལྔ་པ་ལགས། །
ཀྱེ། ཡོངས་ནི་ཉམས་ལགས་སོ། །བྷོ་ཊའི་ཆོས་སྲིད་འདི། །ཡོངས་ནི་སྐྱོང་དགོས་སོ། །བསྟན་དང་དེར་འཛིན་རྣམས། །
ཀྱེ། ཡོངས་ནི་གཟིགས་ལགས་སམ། །བོད་ཀྱི་རིགས་བརྒྱུད་འདི། །ཡོངས་ནི་སྲུང་དགོས་སོ། །ཁ་བའི་སྣོད་བཅུད་ཀུན། །
ཀྱེ། ཡོངས་ནི་གསན་ལགས་སམ། །གདུང་བའི་སྨྲེ་ངག་རྒྱུན། །ཡོངས་ནི་འབོད་ལགས་སོ། །སྲིད་པའི་ལྷ་རབས་ལ། །
ཀྱེ། ཕྱི་དང་ནང་གི་གནས། །གང་དུ་སྡོད་པ་ཡི། །བདག་ཅག་གངས་རིའི་འབངས། །དབྱེར་མེད་སྐྱོང་དགོས་སོ། །
ཀྱེ། པདྨའི་གཉེར་བྱང་ནི། །བཀའ་གཉན་ཟིལ་རེ་ཆེ། །རྣལ་འབྱོར་གདུང་དབྱངས་ནི། །བདེན་ལ་སྙིང་རེ་ཉེ། །
ཀྱེ། ང་ཡང་བོད་ཀྱི་གདུང༌། །བོད་ལ་སྙིང་ཡང་ཉེ། །ཁྱོད་ཀྱང་བོད་ཀྱི་ལྷ། །བོད་ལ་སྙིང་བརྩེ་ན། །
ཀྱེ། ལྷས་ནི་མི་ལ་མགོན། །མིས་ནི་ལྷ་ལ་གསོལ། །ཕན་ཚུན་བརྟེན་ལགས་པས། །ང་ཆེའི་གཡེལ་མི་འཚལ། །
ཀྱེ། བོད་ནི་ཁྱོད་ཀྱི་འབངས། །ང་ཡང་ཁྱོད་ཀྱི་འབངས། །རྗེ་དང་འབངས་ཀྱི་བར། །གློ་བ་ཉེ་བར་གྱིས། །
ཀྱེ། བྱམས་པ་བུ་བཞིན་སྐྱོང༌། །སྡང་བ་དགྲ་སྲོག་ཆོད། །སྔོན་གྱི་ཐ་ཚིག་བཞིན། །ལས་ལ་མ་གཡེལ་ཞིག །
ཅེས་པ་འདི་ཡང༌། སྤྲེལ་ལོ་དཔྱིད་ཟླ་འབྲིང་པོའི་དབང་ཕྱོགས་ཀྱི་ཚེས་ལ་གྲོང་ཁྱེར་ཆེན་པོ་སྤོས་ལྡན་གྱི་བཙོན་ཁང་དུ་ཚེ་རིང་བཀྲ་ཤིས་ནས། ཕྱི་ལོ་ ༢༠༠༤ ཟླ་ ༤ ཚེས་ ༡༡ ལའོ།། །།
