བོད་ཀྱི་བཀའ་བསྟན་བསྒྱུར་ན་བོད་ཀྱི་སྐད་ཡིག་ཀྱང་འགྱུར་སྲིད།
བོད་ཡིག་ནང་གི་བཀའ་བསྟན་ཚང་མ་དབྱིན་སྐད་ནང་བསྒྱུར་བ་ཡིན་ན། ཆོས་ཕྱོགས་ནས་བཤད་ན། སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གཏོང་བ་དང་སེམས་ཅན་ལ་བདེ་སྐྱིད་བསྐྲུན་པ་ཞིག་ཡིན་པས་ཕན་ཡོན་དང་དགེ་ཚོགས་དཔག་མེད་བསགས་པ་ཞིག་ལོས་ཡིན། འོན་ཀྱང་བོད་མི་རིགས་ཀྱི་བདེ་སྡུག་ཁོ་ན་དང་འབྲེལ་བའི་ཆབ་སྲིད་དང་དཔལ་འབྱོར་རིག་གནས་བཅས་ཀྱི་ཐོག་ནས་བཤད་ན། ངེས་པར་བསམ་གཞིགས་བྱེད་དགོས་པ་ཞིག་རེད་སྙམ། གཅིག་བྱས་ན་ང་རང་ནོར་འཁྲུལ་ཤོར་ཡོད་སྲིད། ནོར་འཁྲུལ་ཆེན་པོ་ཤོར་ཡོད་སྲིད།
བཀའ་བསྟན་འདི་དག་ནི་བོད་ཀྱི་ཕ་མེས་ཚོས་ལག་ནས་གསེར་དངུལ་ཕངས་མེད་དུ་བཏང་ཞིང༌། གདོང་ནས་རྔུལ་ཆུ་ཁྲོམ་ཁྲོམ་དུ་གཞུར་བཞིན་རང་སྲོག་བློས་བཏང་གིས་དཀའ་བ་བརྒྱ་ཕྲག་སྤྱད་དེ་བསྐྲུན་པ་ཞེ་ཅིག་ཡིན་ལ། ད་ཆ། “ཕ་བྱས་པ་ཅན་གྱི་བཞག་པ་དེ། བུ་བསོད་ནམས་ཅན་གྱི་ལག་ན་སླེབས”པའི་དཔེ་ལྟར། གཉན་འཕྲང་གི་དུས་འདིར་བཀའ་བསྟན་འདི་དག་གིས་བོད་མི་རྣམས་སྐྱོབ་བཞིན་ཡོད། ཕལ་ཆེར་ཟ་གྱོན་ཚུན་ཆེད་འདི་དག་ལས་བྱུང་བ་རེད་ཅེ་ན་ཡང་ཐལ་དྲགས་མེད།
བཀའ་བསྟན་འདི་དག་གིས་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱི་མདུད་པ་དམ་དུ་བཏང་ཡོད་པ་སོགས་ཆེ་ས་ནས་མ་བཤད་པར། མིག་སྔར་འཕྲད་བཞིན་པའི་སྐད་ཡིག་གི་དཀའ་ངལ་ནས་བཤད་ན་ཡང༌། བཀའ་བསྟན་འདི་དག་ལ་སློབ་གཉེར་བྱེད་པའི་ཆོས་གྲྭ་ཁག་ནི་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་ས་ལྟེ་བ་དེ་ཡིན་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ལ་ཆ་བཞག་ན། གདན་ས་གྲྭ་ཚང་སོགས་ཆོས་གྲྭ་ཆེན་པོ་དེ་དག་མེད་ན་ཆོས་ཙམ་མ་ཡིན་པར་བོད་ཀྱི་སྐད་ཡིག་ཀྱང་མེད་པར་འགྱུར་བ་ཐེ་ཚོམ་མེད། ད་དུང་ཕྱི་རྒྱལ་བ་ནང་པའི་ཆོས་ལ་སྦྱོང་འདོད་ཡོད་མཁན་ཚོས་ཀྱང་བོད་ཀྱི་སྐད་ཡིག་མ་སྦྱང་ཐབས་མེད་དུ་གྱུར་ནས་སྦྱངས་དང་སྦྱོང་བཞིན་ཡོད།
ང་ཚོས་བཀའ་བསྟན་འདི་དག་དབྱིན་སྐད་སོགས་སྐད་ཡིག་གཞན་དུ་བསྒྱུར་བ་ཡིན་ན། ཕྱི་རྒྱལ་མི་རིགས་ཚོས་བོད་ཀྱི་སྐད་ཡིག་སྦྱང་གི་རེད་དམ། མ་རེད། ཕྱི་རྒྱལ་བ་ཁ་ཤས་ཀྱིས་བོད་ཀྱི་སྐད་ཡིག་མ་སྦྱངས་ཀྱང་ཧང་སང་རྒྱུ་ཅི་མེད་མོད། དེང་སང་བོད་རིགས་ཡིན་ཀྱང་དབྱིན་ཡིག་ཕྲན་བུ་ཤེས་པ་ཚོས། ནང་ཆོས་ཀྱི་སྐོར་དེ་བོད་ཡིག་ལས་དབྱིན་ཡིག་ནང་གོ་སླ་བ་འདུག་ཅེས་ཤོད་བཞིན་པ་རེད། དེས་ན་ནང་ཆོས་ཡོངས་རྫོགས་དབྱིན་ཡིག་ནང་ཡོད་པ་ཡིན་ན། ནམ་ཞིག་བོད་ཀྱི་གདན་ས་ཁག་ཏུ་ཡང་དབྱིན་ཡིག་ཐོག་ནས་ནང་ཆོས་ལ་སློབ་གཉེར་བྱེད་པའི་དུས་ཤིག་འཆར་ངེས་ཡིན་ཅིང༌། (དེང་སང་ཨ་མདོ་སྐུ་འབུམ་སོགས་སུ་ཆོས་རྭ་ནང་དུ་ཡང་རྒྱ་སྐད་བེད་སྤྱོད་བྱེད་བཞིན་འདུག་ཟེར) སྐབས་དེར་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་བོད་ཀྱི་སྐད་ཡིག་འདི་རང་བཞིན་གྱི་རྩ་མེད་འགྲོ་ངེས་རེད།
གནམ་གྱིས་ས་བཀབ་པ་ལྟ་བུ་དབྱིན་ཇི་སྐད་ཡིག་གིས་འཛམ་གླིང་ཁྱབ་པའི་སྐབས་འདིར། ནུབ་ཕྱོགས་ཀྱི་གྲངས་ཉུང་མི་རིགས་ཁག་གིས་སྐད་ཡིག་རྒྱུན་འཛིན་བྱེད་ཐབས་གཙོ་བོ་ཞིག་ནི། སྐད་ཡིག་དེ་རྒྱལ་ཁབ་གང་ཞིག་གི་གཞུང་སྐད་དུ་སྤྱོད་པའམ། ཡང་ན་རང་སྐྱོང་ས་ཁུལ་དུ་ས་གནས་གཞུང་གི་སྐད་ཡིག་ལ་ངོས་འཛིན་ཀྱིས་ཁྲིམས་ཁང་དང་སྦྲག་ཁང་ཚུན་ཆད་དུ་བེད་སྤྱོད་ཡོང་ཐབས་བྱེད་པ་དེ་ཡིན། ང་ཚོ་བོད་ལ་མཚོན་ན། བོད་ཕྱི་ནང་གཉིས་ནང་དེ་འདྲའི་གོ་སྐབས་ཞིག་མེད་པས། བོད་ཀྱི་སྐད་ཡིག་གི་སྲོག་རྩའམ་བོད་ཀྱི་སྐད་ཡིག་མ་ཉམས་རྒྱུན་འཛིན་བྱེད་མཁན་གཙོ་བོ་ནི་ཆོས་གྲྭ་ཁག་ཡིན་སྙམ།
མཐར་དོན་དུ་ངས་འདི་འདྲ་ཞིག་བསམ་བྱུང༌། ཕྱི་རྒྱལ་གྱི་སྐད་ཡིག་ནང་ཡོད་པའི་ཕུལ་བྱུང་གི་རིག་གནས་དང་ལོ་རྒྱུས། གསོ་རིག་དང་ཚན་རིག་སོགས་དེབ་རྒན་གཅིག་ཀྱང་བོད་སྐད་ནང་བསྒྱུར་བའི་གཏམ་སྦྲང་སྐད་ཙམ་གོ་རྒྱུ་མེད་པར། བོད་ཡིག་ནང་གི་བཀའ་བསྟན་པོད་ཉིས་བརྒྱ་སུམ་བརྒྱ་དེ་དག་གཞན་སྐད་ནང་བསྒྱུར་འདོད་སྐྱེས་པ་འདི་གང་ཡིན་ནམ། མི་ཡུལ་འོད་ཀྱིས་བརྒྱངས། རང་ཡུལ་ཐལ་བས་བཀང་ནས་སྡོད་རྩིས་ཡིན་ནམ། སྔར་དུས་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ནས།༎ དམ་ཆོས་ནང་འདྲེན་བྱེད་པའི་ཚུལ་བསམ་ཚེ།༎ དེང་དུས་བཀའ་བསྟན་གཞན་དུ་བསྒྱུར་བ་འདི༎ དམ་ཆོས་ཟོང་དང་བརྗེས་སམ་འཕྱང་མོ་ཉུག། བར་སྐབས་ཀྱི་ཀུ་རེའི་ཚིགས་སུ་བཅད་པའོ།
“ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ”ཞེས་གསུངས་པ་ལྟར་སྤྱིར་སངས་རྒྱས་ཀྱི་གསུང་འདི་དག་འགྲོ་བ་ཡོངས་ཀྱི་སྤྱི་ནོར་ཞིག་ཡིན་ཆོག་མོད། བོད་ཀྱི་སྐད་ཡིག་ནང་བཞུགས་པ་འདི་དག་ལ་མི་སྲོག་རྒྱུ་ངལ་བསམ་ཡུལ་ལས་འདས་པ་བཏང་ཡོད་པས་ན་བདག་དབང་གི་སྐད་ཆ་དེ་བཤད་མི་ཆོག་པ་ཅི་ཡོད། ཆོག་ན་བོད་ཡིག་ནང་གི་བཀའ་བསྟན་གྱི་བདག་དབང་དེ་སུ་ལ་ཡོད་དམ། འདི་ནི་ཞོར་འཕྲོས་ཀྱི་དྲི་བ་ཞིག་ཡིན།
