ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ཞུ་བར་དམིགས་བསལ་བཀའ་སློབ།

༧གོང་ས་མཆོག་གིས། “ནམ་རྒྱུན་བཞིན་བོད་གངས་ཅན་གྱི་ལྗོངས་དང་འབྲེལ་བ་ཆགས་པའི་ས་ཁུལ་དེ་ཚོ་ཚང་མ་བཀའ་དང་བསྟན་འགྱུར་ལ་དད་པ་བྱེད་མཁན་ཤ་སྟག་ཡིན་པས། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་པ་རེད། སངས་རྒྱས་པའི་ཆོས་དང་དེ་ནང་བཞིན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་པ་ཡིན་མཁན་ནི་རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལྡན། བཀའ་གདམས། ཇོ་ནང་ཚང་མ་རྩ་བ་ཁུངས་གཏུགས་ས་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་བསྡད་ཡོད་པ་རེད། སྡོང་པོ་དེ་ནཱ་ལེནྡྲའི་ཆོས་བརྒྱུད་རེད། ཡལ་ག་ནི་ས་དགེ་བཀའ་རྙིང་ཇོ་ནང་དེ་ཚོ་རེད། ཡལ་ག་སྒང་ལ་ཕྲན་བུ་མི་འདྲ་བ་ཡོད་པ་རེད། མི་འདྲ་བ་ཡོང་ས་ནི་མདོ་ཕྱོགས་ལ་ཚང་མ་གཅིག་པ་རེད། སྔགས་ཕྱོགས་ལ་རྒྱུད་སྡེ་སོ་སོ་མི་འདྲ་བའི་དབང་གིས་ཕྲན་བུ་མི་འདྲ་ཆགས་ཡོད་པ་རེད། དངོས་གནས་དྲང་གནས་ཆོས་བརྒྱུད་དེ་ཚོ་ཡག་པོ་ཤེས་མཁན་ཞིག་ཡིན་ན། མདོ་དང་སྔགས་ཀྱི་གཞུང་དེ་ཚོ་ལ་ལྟོས་དང་དགོངས་པ་གཅིག་རེད་མ་གཏོགས་དབྱེ་བ་རྩ་བ་ནས་ཡོད་པ་མ་རེད་”ཅེས་གསུངས་སོང་།

 

༧གོང་ས་མཆོག་གིས་མུ་མཐུད་དེང་དུས་ཀྱི་ཤེས་ཡོན་གལ་ཆེ་བའི་སྐོར་གསུང་དོན། “དེང་དུས་ཀྱི་ཡོན་ཏན་ནི་ལག་པ་ནང་བཞིན་རེད། གནའ་རབས་ནས་མར་ཡོད་པའི་སངས་རྒྱས་པའི་ཆོས་དང་འབྲེལ་བསྡད་པ་དེ་དང་རང་གི་ཕ་མེས་ཡང་མེས་ཀྱི་རིག་གཞུང་དེ་ནི་སྙིང་ལྟ་བུ་རེད། ལག་པའི་ལས་ཀ་ཡག་བཙོག་གང་འདྲ་བྱུང་མིན་ལྷག་བསམ་ལྡན་པའི་སྙིང་དེ་ལ་རགས་ལས་ཡོད་པས་ཐུགས་སྣང་གནང་དགོས་”ཞེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་ཤུགས་ལྡན་བསྟེན་ཕྱོགས་ཀྱི་སྐོར་ལ་གསུང་དོན། “ཤུགས་ལྡན་གྱི་སྐོར་དེ་ཁྱེད་རང་ཚོ་མང་པོ་ཞིག་གིས་ཤེས་ཀྱི་ཡོད་པ་རེད། ངས་འདིར་བཤད་དགོས་པ་དེ་ཁ་སང་འབྲས་ལྗོངས་ཁུལ་ནས་ཤུགས་ལྡན་ཚོགས་པའི་དགེ་བཤིས་དེ་འདྲ་ཡོང་སྟེ། སློབ་སྦྱོང་བྱེད་ཐུབ་ཀྱི་རེད་ཟེར་ནས་ཕྲུ་གུ་སློབ་སྦྱོང་ལ་མར་ཁྲིད་འགྲོ་ཡི་འདུག་ཟེར་བ་ཞིག་ངའི་གོ་སོང༌། དེ་བཞིན་ག་ཤ་དང་ཁུ་ནུ། མོན་དང་བལ་ཡུལ་དེ་ཚོར་ཡོང་སྲིད་པ་རེད། དོ་བདག་ཕ་མ་སོ་སོའི་རྒྱལ་པོ་ཤུགས་ལྡན་གྱི་སྐོར་དེ་ཆ་ཚང་ཤེས། ངའི་དམ་དྲག་བྱེད་ཀྱི་ཡོད་པ་དང་རྒྱུ་མཚན་ག་རེ་ཡིན་པ་དེ་ཚོ་ཆ་ཚང་ཤེས་པ་དང༌། རྟོགས་པ། ཤུགས་ལྡན་གྱི་ཚོགས་པ་དེ་ཚོ་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་ཡིན་པ་ཤེས་པའི་ཐོག་ནས་ཁྱེད་རང་ཚོའི་སློབ་ཕྲུག་བཏང་བ་ཡིན་ན། དེ་ལ་ངའི་གང་ཡང་ཞུ་རྒྱུ་མེད་ལ་ངོ་རྒོལ་ཡང་གང་ཡང་མེད། མ་ཤེས་ནས་མགོ་སྐོར་ཐེབས་ཏེ་མར་སློབ་གཉེར་བྱེད་ས་དང་མཐུན་རྐྱེན་ཡག་པོ་ཡོད་པ་རེད་ཟེར་ན་བཏང་བ་ཡིན་ན། རྗེས་སུ་སོ་སོའི་ཕྲུ་གུ་དེ་ལ་རྒྱལ་བ་རིན་པོ་ཆེ་ལ་ཐུག་རྒྱུ་མེད་མཁན། དཔེར་ན། ད་རེས་འདིར་སྨོན་ལམ་འཚོག་པར་སེ་འབྲས་དགེ་གསུམ་གྱི་དགེ་འདུན་པ་མང་པོ་ཞིག་ཕེབས་བཞུགས་ཡོད་པ་རེད། ད་ལྟ་དགའ་ལྡན་རྡོ་ཁང་ཁང་ཚན་གྱི་གྲྭ་པ་དང༌། སེར་སྨད་ཟུར་འཁྲིས་སུ་བརྒྱབ་བཞག་པའི་སྤོ་བོ་རོ་བ་དོ་རྒྱལ་སྟེན་མཁན་ཚོ་འདིར་ཡོང་རྒྱུ་ཡོད་པ་མ་རེད། ང་མར་གདན་ས་ཚོ་ལ་ཕྱིན་པའི་ཁ་ཐུག་ལ་ཁོང་ཚོ་ཟུར་དུ་ཁོ་རང་ཚོ་ཚོགས་འདྲ་འཚོགས་ནས་སྡོད་རྒྱུ་མ་གཏོགས། ངའི་བཀའ་ཆོས་ཞུ་སར་ཁོང་ཚོ་ཡོང་རྒྱུ་ཡོད་པ་མ་རེད་ལ་ངས་གསལ་པོ་བྱས་ནས་ལབ་ཀྱི་ཡོད། བླ་མ་དང་སློབ་མ་ཟེར་བ་དེ་དམ་ཚིག་གཙང་མ་ཞིག་དགོས་པ་རེད། དམ་ཚིག་ཉམས་སྡོད་མཁན་ཞིག་གི་ཆོས་ཞུས་པ་ཡིན་ན་བླ་མ་ལ་གནོད་ཀྱི་རེད་ལ་སློབ་མ་ལ་ཡང་ཕན་གྱི་མ་རེད། དེར་བརྟེན་ཁྱེད་རང་ཚོས་མ་ཤེས་ནས་ཕྲུ་གུ་དོ་རྒྱལ་བསྟེན་མཁན་གྱི་ཚོགས་པའི་སར་མར་བཏང་ན་རྗེས་སུ་ག་ལེར་ཤེས་པའི་ཁ་ཐུག་དེར་འགྱོད་པ་སྐྱེ་དགོས་པ་ཆགས་བསྡད་པ་ཡིན་ན། དེ་ནི་མི་དགོས་པ་ཞིག་རེད། ཐོག་མ་ནས་བོད་པའི་གྲྭ་པ་ཞིག་ཡོང་ནས་ཁྱེད་རང་ཚོར་ཡག་པོ་ཡོང་གི་རེད་བཤད་ཀྱི་འདུག་ན། ཁུངས་དང་འབྱུང་ཁུངས་གང་འདྲ་རེད་འདུག་ཤེས་པ་གྱིས། ཤེས་སོང་ངམ་”ཞེས་གསུངས་སོང་། བལ་ཡུལ་ཕྱོགས་ནས་རྟ་མང་དང་སྙན་ཤང་ལ་སོགས་པའི་དེང་སང་བོད་པའི་རིག་གཞུང་དང་ནང་པའི་ཆོས་ལ་དོ་སྣང་གསར་པ་ཡོང་གི་ཡོད་འདུག་པས་ཡག་པོ་རེད་ཅེས་སོགས་བཀའ་སློབ་བསྩལ་ཡོད་པ་རེ།། ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།

{jcomments on}