བཀའ་ཁྲི་ཟང་གདོང་རིན་པོ་ཆེས་དྲིས་ལན། ༼ལན་མ་བརྒྱབ་ན་བློ་བཟང་སེང་གེ་ནག་པོ་ཆགས་རྒྱུའི་ཉེན་ཁ་ཡོད། ༽
ཁོང་གིས་གསུངས་པ་ཇི་བཞིན་གཟིགས་འདོད་ན་འབྲེལ་ཐག་འདིར་གཟིགས་རོགས། http://www.youtube.com/watch?v=3yK1pv7t0pU&feature=player_embedded “དྲི་བ་དེ་ལ་ལན་ཞུ་རྒྱུ་དེ་དངོས་གནས་བྱས་ན་སྟབས་བདེ་པོ་འདྲ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ད་ལྟ་འོས་བསྡུའི་ལས་རིམ་འགྲོ་བཞིན་པ་ཡིན་པས། ཡིན་ནའང་ཁྱེད་རང་གི་དྲི་བ་དེ་གནས་ཚུལ་བྱེ་བྲག་པ་ཞིག་གི་ཐོག་ལ་ཡིན་སྟབས། ངས་ལན་ཞུས་པ་ཡིན་ཡང་འོས་བསྡུའི་སྒྲིག་གཞི་དང་འགལ་བ་འདྲ་ཞིག་མི་ཆགས་པའི་རེ་བ་ཡོད། སྒྲིག་གཞི་དང་འགལ་གྱི་མ་རེད་ཅེས་མཐའ་གཅིག་ཏུ་ལབ་ཐུབ་ཀྱི་མི་འདུག གལ་སྲིད་ལན་མ་ཞུས་པ་ཡིན་ནའང་མི་མང་གིས་དེ་གནད་དོན་ག་འདྲ་ཞིག་གི་ཐོག་ལ་འགྲེལ་བཤད་རྒྱ་གྲབས་ཡོད་འགྲོ་དེ་ཡང་ཧ་གོ་ཁག་པོ་འདྲ་ཞིག་རེད། ༢༠༠༡ ནས་བཟུང་སྟེ་བཙན་བྱོལ་གཞུང་གིས་སྲིད་བྱུས་ཞིག་བཏིང་ཡོད་པ་རེད། སྲིད་བྱུས་དེ་ག་རེ་རེད་ཅེ་ན། རྒྱ་ནག་གཞུང་དང་འབྲེལ་བ་བྱེད་རྒྱུ་དེ་ད་རེས་ངས་གོང་དུ་ཞུས་པ་བཞིན། བརྒྱུད་ལམ་གཅིག་མ་གཏོགས་བརྒྱུད་ལམ་མང་པོ་ང་ཚོས་འཛིན་གྱི་མེད་ཅེས་ལབ་པ་རེད། དེའི་སྔོན་ལ་ཡིན། ཚོགས་པ་འདྲ་མི་འདྲའི་སྐུ་ཚབ་འདྲ་མི་འདྲས་བར་མཚམས་ནས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་བོད་ཀྱི་རྩ་དོན་གྱི་ཐོག་ལ་བཀའ་མོལ་གནང་བསྡད་པ་དང་། ཕན་ཚུན་ལན་བསྐྱལ་བསྡད་པ་དེ་འདྲའི་ལམ་སྲོལ་ཞིག་ཡོད་པ་རེད། དེ ༢༠༠༡་ ནས་སྒོ་བརྒྱབ་པ་རེད། གཞུང་གིས་འབྲེལ་བ་བྱེད་སའི་བརྒྱུད་ལམ་གཅིག་མ་གཏོགས་མེད་ཅེས་ལབ་པ་རེད། ཡིན་ནའང་མང་ཚོགས་དང་མང་ཚོགས་ཀྱི་བར་དུ་འབྲེལ་བ་བྱེད་རྒྱུ་དེ་ག་ཚད་མང་བ་ཡིན་ནའང་ཡག་གི་རེད། ལྷག་པར་དུ་རྒྱ་ནག་མི་མང་དང་མཉམ་དུ་ང་ཚོས་འབྲེལ་བ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་འདུག ཅེས་དེའི་སྲིད་བྱུས་དེ་བརྟན་བཟུང་བྱས་པ་རེད། དེ་འདྲ་ཡིན་ཙང་། བཙན་བྱོལ་བོད་མིའི་ནང་ནས་རྒྱ་ནག་གི་མང་ཚོགས་དང་མཉམ་དུ། རྒྱ་ནག་གི་མཁས་པ་དེ་ཚོ་དང་མཉམ་དུ། རྒྱ་ནག་གི་གསར་འགོད་པ་དེ་ཚོའི་མཉམ་དུ་འབྲེལ་བ་ག་ཚོད་བྱེད་ཐུབ་པ་ཡིན་ཡང་། དེ་ལ་གཞུང་གིས་སེམས་ཤུགས་སྤར་རྒྱུ་མ་གཏོགས་དགག་བྱ་མེད་ཅེས་གསལ་པོ་ཞུས་ཡོད་པ་རེད། ཡང་དེའི་འབྲེལ་བ་དེ་ཚོ་གཞུང་གི་ངོ་ཚབ་མཚོན་པ་བྱས་ན་འགྲིག་གི་མ་རེད་ཟེར་བ་དེ་གསལ་པོ་རེད། གཞུང་གི་ངོས་ནས་ཀྱང་རྒྱ་ནག་གི་མི་མང་དང་མཉམ་དུ་འབྲེལ་བ་བྱེད་རྒྱུའི་ལས་དོན་དེ་ཏན་ཏན་བྱེད་དགོས་པ་ཞིག་རེད། དེ་འདྲ་ཡིན་པས་བོད་རིགས་གནས་ཡུལ་ཚང་མ་ལ་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་བཟོ་དེ་འདྲ་བཙུགས་དགོས་ཀྱི་འདུག་ཅེས་སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ཕེབས་ཡོད་པ་རེད་ལ། གཞུང་གི་ངོས་ནས་ཀྱང་རྒྱབ་གནོན་ཞུས་ཡོད་པ་རེད། རྒྱ་མི་དང་བོད་པ་མཉམ་དུ་ཚོགས་འདུ་དེ་འདྲ་ཡང་ག་ཚོད་མང་བ་འཚོགས་ཐུབ་པ་ཡིན་ནའང་ཡག་པོ་ཡོད་པ་རེད་ཅེས་ང་ཚོས་ལབ་ཡོད་པ་རེད། དོན་གཅོད་ལས་ཁུངས་ཁ་ཤས་ཀྱི་ནང་དུ་རྒྱ་སྐད་ཤེས་མཁན་གྱི་ལས་བྱེད་ཀྱི་ས་མིག་གསར་གཏོད་བྱས་ནས་ལས་བྱེད་ཐོལ་བ་དེ་འདྲ་ཡང་བསྐོས་ཡོད་པ་རེད། དེར་བརྟེན་ང་ཚོས་རྒྱ་ནག་མང་ཚོགས་དང་འབྲེལ་བ་དེ་ཤུགས་ཆེན་པོའི་ཐོག་ནས་བྱས་པ་རེད། ཧར་ཝར་ཌ་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་བློ་བཟང་སེང་གེས་འབད་བརྩོནབྱས་ནས་ཧར་ཝར་ཌ་གཙུག་ལག་སློབ་གཉེར་ཁང་རང་གི་ནང་དུ་རྒྱ་རིགས་དེ་འདྲ་དང་མཉམ་དུ་ཚོགས་འདུ་ཐེངས་གཉིས་གསུམ་ཞིག་འཚོགས་པ་རེད། དེ་ཚོ་ཚང་མ་བཙན་བྱོལ་གཞུང་གིས་མཁྱེན་གྱི་ཡོད་པ་ཙམ་དུ་མ་ཟད། ཡག་པོ་འདུག་ཅེས་ཞུས་པ་རེད། ཚོགས་འདུ་དེ་དག་གི་ནང་དུ་བོད་རིགས་ཀྱང་མི་ཉུང་བ་ཞིག་ཕེབས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བློ་བཟང་སེང་གེ་ཕར་རྒྱ་ནག་ལ་ཚོགས་འདུ་ཚང་མ་ཤེས་ཡོན་དང་འབྲེལ་བ་ཡོད་པ་དེ་འདྲ་ཤ་སྟག་རེད། དེ་འདྲའི་ནང་ལ་ཕེབས་པའི་སྐོར་ཏན་ཏན་ཤེས་ཀྱི་ཡོད་རེད། སྐུ་སྒེར་ཡིག་ཚང་ལའང་ཞུས་ཡོད་ཀྱི་རེད། དེ་ངས་ཞུ་རྒྱུ་མེད་དེ། བཀའ་ཤག་གིས་ཚོགས་འདུ་ལ་ཕེབས་ཀྱི་ཡོད་པ་མཁྱེན་གྱི་ཡོད་པ་རེད། ཚོགས་འདུར་ཕེབས་པའི་རྗེས་སུའང་གནས་ཚུལ་དེ་ཚོ་ག་རེ་ག་རེ་བྱུང་བཀའ་ཤག་ལ་ཞུས་གནང་གི་ཡོད་པ་རེད། དེར་བརྟེན་བཀའ་ཤག་ལ་སྙན་སེང་ཞུས་ཡོད་གསུངས་པ་དེ་ཚོ་ཞལ་རྫུན་གནང་བ་མ་རེད། དེ་དངོས་ཡོད་གནས་ཚུལ་རེད། དེ་ཙམ་དུ་མ་ཟད་པའི་མཐོ་སློབ་སློབ་ཡོན་གྱི་(ཕུལ་གྷི་རེ་ཊི)དུས་ཚོད་རྫོགས་ཚར་ནའང་ཨ་རིའི་ནང་དུ་མུ་མཏུད་དུ་བཞུགས་རྒྱུ་དེ་རྒྱ་མི་མཁས་པ་ཚོའི་མཉམ་མུ་མཐུད་དུ་བཞུགས་རྒྱུ་དེ་རྒྱ་མི་མཁས་པ་ཚོའི་མཉམ་དུ་འབྲེལ་བ་བྱེད་རྒྱུ་དང་། རྒྱ་མིའི་མཁས་པ་ཚོའི་མཉམ་དུ་ཚོགས་འདུ་འཚོགས་པ་ལ་སོགས་པ་དེ་འདྲའི་དམིགས་ཡུལ་བཟུང་ནས་ཤེས་རིགས་ལས་ཁུངས་ལ་བཀའ་འཁྲོལ་ཞུས་པ་རེད། དམིགས་ཡུལ་དེ་གཞུང་གི་སྲིད་བྱུས་དང་མཐུན་པའི་དམིགས་ཡུལ་ཞིག་བཟུང་པ་ཡིན་པས། དེ་ཡང་འགྲིག་གི་འདུག་ཅེས་ཞུས་ཡོད་འདུག ཡིན་ནའང་ད་ལྟའི་གནས་སྐབས་ལ་དྲི་བ་འདི་ཚོ་ཐད་ཀར་བཀའ་བློན་ཁྲི་པ་ལ་དྲི་རྒྱུ་དང་། བཀའ་བློན་ཁྲི་པས་ཐད་ཀར་དེ་ལ་ལན་རྒྱག་རྒྱུ་དེ་ངས་བལྟས་ན་ཏག་ཏག་ཅིག་སྡོད་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག དྲི་བ་འདི་མང་ཚོགས་ནང་སླེབས་ཚར་བ་ཡིན་པས། ངས་དེར་ལན་མ་བརྒྱབ་པ་ཡིན་ན་བློ་བཟང་སེང་གེ་ནག་པོར་འགྲོ་རྒྱུའི་ཉེན་ཡོད་བསྡད་པ་ཞིག་རེད། ལན་ཞུས་པ་ཡིན་ན། འོས་བསྡུའི་སྒྲིག་ལམ་དང་འགལ་ནས་འོས་བསྡུའི་སྤྱི་ཁྱབ་ཀྱིས་ངའི་ཐོག་ལ་ཉེས་པ་བཙུགས་པ་ཡིན་ན། འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་ཏོག་ལ་ཁྱེད་ཀྱིས་སྐད་ཆ་དེ་ག་རེ་བྱས་ནས་བཤད་པ་ཡིན་ཞེས་བཤད་ན། ང་ལ་དེར་ལན་རྒྱག་རྒྱུ་ཁག་པོ་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་པས་བཀའ་འདྲི་དེ་ལ་ལན་རྒྱ་གི་མིན་ཞེས་ཞུས་པ་ཡིན་ནའང་། དེ་འགྲེལ་བཤད་ལོག་པ་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཡིན་པས་ངས་རང་གི་ཉེན་ཁ་ལ་མ་འཛེམས་པར་ལན་དེ་ཞུས་པ་ཡིན། ཡིན་ནའང་སྐབས་འདིེར་ཞུ་རྒྱུ་ཞིག་ལ་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བ་ཡོད་པ་དང་། སྤྱི་འཐུས་ཀྱི་འོས་བསྡུ་དང་འབྲེལ་ཡོད་པ་དེ་འདྲ་བཀའ་འདྲི་མ་གནང་རོགས་གནང་ཞེས་གསུངས་ཡོད་པ་རེད། ལྷ་སྨོན་པསྒྲ་ཕབ་དང་མཁོ་སྤྲོད་བྱས།
གསལ་བཤད། ཟླ་འདིའི་ཚེས་ ༡༢ ཉིན་གྱི་བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༣༡༥ པའི་ཤོག་ངོས་ ༦་ པར་༼ལན་མ་བརྒྱབ་ན་བློ་བཟང་སེང་གེ་ནག་པོ་ཆགས་རྒྱུའི་ཉེན་ཁ་ཡོད། ༽ཅེས་པའི་ཁ་བྱང་འོག་གནས་ཚུལ་འདི་འདྲ་ཞིག་བཀོད་འདུག་མོད། བང་ཆེན་དྲ་རྒྱའི་ཐོག་མཐོང་རྒྱུ་མི་འདུག དེར་བརྟེན་ངས་དེ་རང་གནས་ཚུལ་དེ་བསྐྱར་དུ་ངའི་ཟིན་བྲིས་ནང་བཀོད་ནས། དྲ་གྲོགས་ཚོར་གཟིགས་འབུལ་ཞུས་པ་ཡིན།