ཨབ་གྷ་ནི་སི་ཐན་གྱི་གྲོས་ཚོགས་སྒོ་འབྱེད་ཕྱིར་འཐེན།
ཟླ་འདིའི་ཚེས་༢༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་སྔོན་མའི་ཟླ་༩ ནས་ཨབ་གྷ་ནི་སི་ཐན་གྱི་གྲོས་ཚོགས་འཐུས་མི་འོས་འདེམས་ཀྱི་འགོ་བཙུགས་ནས། ཟླ་གྲངས་ལྔའི་རིང་གྲོས་ཚོགས་ཀྱི་འཐུས་མི་མེད་པ་དང། འོས་འདེམས་གྲུབ་མཚམས་སུ་འཐུས་མི་རྣམས་ལུགས་མཐུན་གྱིས་འདེམས་སྒྲུག་བྱུང་མེད་པའི་གླེང་རྙོག་བྱུང་སྟེ། ཉེ་དུས་ཡུལ་དེའི་སྲིད་འཛིན་ཨཱ་མི་ཌི་ཁར་རྫ་ཡིས། ཟླ་བ་༡ གི་རིང་གྲོས་ཚོགས་སྒོ་འབྱེད་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་དང། དེ་ཡང་གཙོ་བོ་འཐུས་མི་ཡོང་ཕྱོགས་སོགས་ལ་ཞིབ་འཇུག་གི་དུས་ཚོད་མཁོ་སྤྲོད་ཀྱི་ཆེད་དུ་ཡིན་ཞེས་བརྗོད་ཡོད་པ་རེད།
གསར་འདེམས་བྱུང་བའི་གྲོས་ཚོགས་འཐུས་མི་དང་དེ་མིན་གྱི་ཆབ་སྲིད་མི་སྣ་ཚོས། གཞུང་དང་ཁྲིམས་ཞིབ་ཁང་ནས་གྲོས་ཚོགས་སྒོ་འབྱེད་ཕྱིར་འཐེན་བྱས་པ་དེ། ལུགས་མཐུན་མེད་ཚུལ་བརྗོད་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང། དེའི་ནང་ནས་གྲོས་ཚོགས་འཐུས་མི་༢༠༠ ཙམ་གྱིས། ཟླ་འདིའི་ཚེས་༢༣ ཉིན་ངེས་པར་དུ་གྲོས་ཚོགས་སྒོ་འབྱེད་བྱེད་དགོས་པའི་སྐུལ་མ་དང། སྒོ་འབྱེད་ཀྱི་ཆེད་དུ་འཆར་འགོད་མང་པོ་ཞིག་ཀྱང་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
ཡུལ་དེའི་གྲོས་ཚོགས་འཐུས་མི་ཨ་མིར་ཁཱང་ཞེས་པས། གཞུང་གི་ངོས་ནས་གྲོས་ཚོགས་སྒོ་འབྱེད་བྱེད་རྒྱུ་དེ་ཟླ་བ་གཅིག་ཕྱིར་འཐེན་བྱས་ཡོད་རུང། ང་ཚོ་མི་མང་གི་སྐུ་ཚབ་ཡིན་པས་གཞུང་དང་ཁྲིམས་ཁང་གི་གང་བརྗོད་མིན་ལ་མ་ལྟོས་པར། གྲོས་ཚོགས་སྒོ་འབྱེད་བྱེད་དགོས་པའི་སྐུལ་མ་བྱེད་རྒྱུ་དེ་ང་ཚོའི་ཐོབ་ཐང་རེད་ཅེས་རུའུ་ཊར་གསར་འགོད་པར་བརྗོད་ཡོད་པ་རེད།།
{jcomments on}
