སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུ་ནི་གཞུང་གི་ལས་འགན་ཡིན།

དང་ཐོག་བཀའ་ཁྲིའི་འོས་མིའི་སྐོར་གྱི་ཚགས་པར་བོད་ཀྱི་བཀའ་ཁྲི་ཞེས་པ་ཞིག་དང་མཉམ་དུ། བཀའ་བློན་ཁྲི་པའི་འོས་མི་བསྟན་འཛིན་རྣམ་རྒྱལ་ལགས་ཞེས་པའི་དཔེ་དེབ་གཉིས་འགྲེམས་སྤེལ་བྱས་སོང།

ཚོགས་ཐོག་ཏུ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་དང་། བཀའ་ཟུར་ཨ་ལགས་འཇིགས་མེད། སྤྱི་འཐུས་ཟླ་བ་ཚེ་རིང། ལྷ་བཟང་ཚེ་རིང་སོགས་གནད་ཡོད་མི་སྣ་དང་མི་མང་མང་པོ་ཕེབས་འདུག གློག་བརྙན་དེའི་ནང་བཙན་བྱོལ་ནང་གི་སློབ་གྲྭ་ཐོག་མའི་སྐོར་དང་དུས་དེབ། བོད་ཀྱི་གཞོན་ནུ་ལྷན་ཚོགས། ༧གོང་ས་མཆོག་ཨ་རིར་འཚམས་གཟིགས། བོད་ཀྱི་ཐེབས་རྩ། རྒྱལ་སྤྱིའི་བོད་དོན་ལས་འགུལ་སྐོར། བོད་བསྐྱོད་སྐུ་ཚབ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་དང་པར་བྲིས་སོགས་བསྟན་ཡོད་པ་རེད།

དེབ་དེའི་ནང་དུ་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་དྲི་བ་ཁག་ཅིག་བཏོན་པའི་དྲིས་ལན་གནང་འདུག་ལ། ཁོང་གིས་ཤེས་ཡོན་ཡར་རྒྱས་ཀྱི་སྐོར་ལ་གསུང་དོན། “སྤྱིར་རིན་ཐང་ལྡན་པའི་ཤེས་ཡོན་དང་འཚོ་ཐབས་ཀྱི་ལས་རིགས་ལ་འཇུག་རྒྱུ་ནི་མི་ཞིག་གི་མི་ཚེའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་བརྟན་ཤོས་ཤིག་ཡིན་པ་གསལ་པོ་རེད། དེར་བརྟེན་སློབ་ཕྲུག་ཕོ་མོ་དབྱེར་མེད་ནས་རང་ཉིད་ཀྱི་ནུས་རྩལ་གང་ཡོད་པ་དེ་མཐར་སོན་ཐུབ་པའི་གོ་སྐབས་སྐྲུན་རྒྱུ་ནི་ང་ཚོའི་གཞུང་གི་ལས་འགན་ཆགས་ཡོད། ལས་འགན་དེ་ལེགས་གྲུབ་ཡོང་བར་ང་ཚོས་ཤེས་ཡོན་གྱི་བསྟི་གནས་དང། ཚོགས་སྡེ། དེ་བཞིན་རྒྱ་གར་དང་འཛམ་གླིང་ནང་ཡོད་པའི་གཞུང་འབྲེལ་ཚོགས་པ་ཡང་རྩེར་འགྱུར་བ་ཁག་ལ་འགྲེལ་ལམ་དང་མཐུན་འབྲེལ། འབད་བརྩོན་བཅས་ལྷོད་མེད་བྱེད་དགོས་”ཞེས་གསུངས་འདུག

ད་ལྟའི་སྐབས་བཀའ་ཁྲིའི་འོས་མི་བཀྲ་ཤིས་དབང་འདུས་ཡང་རྒྱ་གར་དུ་ཕེབས་ནས། ལྡི་ལི་རུ་རྒྱལ་སྤྱིའི་ནང་གི་བོད་ཅེས་པ་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་དང། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གོ་སྒྲིག་འོག བཀའ་ཁྲིའི་འོས་མི་རྣམས་ཨུ་རི་ས་སོགས་བོད་ཀྱི་གཞིས་ཆགས་ཁག་ཏུ་སྐོར་བསྐྱོད་ལ་འཁྲིད་བཞིན་ཡོད་པ་རེད། །

{jcomments on}