རྡོར་གདན་ལ་སྙན་ངག་གི་རྒྱུ་ཆ་འདི་འདྲ་འགི
རྡུལ་འཚུབ་ཆོ་ངེའི་གསེང་གི་མཆོད་སྡོང་རིང་པོ།།
གཡོ་འཕྲུལ་འཇིག་རྟེན་མཐོང་བའི་སུན་སྣང་མེད་པར།།
མཆོད་ཕྲེང་རླབས་རིས་མཛེས་པོ་རྔུབ་འཐུང་གནང་དང་།།
ཟང་ཟིང་སེམས་པ་མང་པོས་རྒྱང་བལྟས་བྱས་འདུག།
གོང་མ་གོང་མ་ཞིག་གི་བསླུ་བྲིད་འོག་ན།།
ཚང་མ་འཚང་ཁ་མིན་པ་གོ་རིམ་འགྲིགས་ཤིང་།།
ཆོས་གོས་སེར་པོའི་ནང་ལ་གནས་ལུགས་ཡོད་ན།།
སྨོན་པའི་ཚིག་ཕྲེང་ཞིག་གིས་ཡོངས་སུ་ཚིམ་སོང་།།
འདུས་ཚོགས་དགེ་འདུན་རྒྱས་པའི་ཟུར་སྣེ་མང་པོ།།
ཤོག་ལྷེ་ནར་མོ་ཞིག་གིས་འབོད་འགུགས་མིན་ན།།
ཁྱད་མེད་ཅ་ཙའི་གདངས་ཀྱི་སྨོན་པའི་ཚིག་ཕྲེང་།།
བྱིན་རླབས་དངོས་གྲུབ་དེ་ཚོས་གུ་ཡངས་ཡོད་འགྲོ།
སྤྲང་ཚོགས་རྡུལ་དང་འཐབ་པའི་སྐོར་ལམ་མཐའ་ནས།།
གཅིན་ཚྭའི་དྲི་ངད་རྣོ་པོས་སྣ་ཁུངས་ཚ་ཡང་།།
སྒྱུ་མ་ལྷ་མཛེས་བུ་ཡི་དྲི་མ་ཞིམ་པོ།།
སྟབས་དང་རྟེན་འབྲེལ་འགྲིགས་ན་ཚོར་རྒྱུ་ལོས་ཡོད།།
གཡོ་ཚོང་གཞན་གྱི་མགོ་ལ་ཐོ་བ་གཟེར་ཞིང་།།
འཇབ་རྒོལ་རྐུན་མའི་ལག་རྩལ་འདི་ན་མྱུར་ཡང་།།
གོམ་སྟབས་མདུན་ལ་འགྲན་པའི་མཇལ་སྐོར་འདི་ཚོས།།
སྟོན་པ་བདེ་བར་གཤེགས་པའི་རྗེས་ཀྱང་རྙེད་སྲིད།།
དུག་གསུམ་མེ་རི་དམར་པོ་སྟོད་ནས་འཕྱུར་ཞིང་།།
འགྱུར་ལྡོག་གནམ་སའི་སྦྱོར་བ་བར་ནས་བྱས་ཀྱང་།།
རེ་དོགས་སེམས་ཀྱི་འཁྲི་བ་མ་ཆད་བར་དུ།།
རྒྱལ་བ་གྱུར་ཅིག་རྡོ་རྗེ་གདན་གྱི་མཆོད་རྟེན།།
10-2-2011 ཉིན་རྡོ་རྗེ་གདན་དུ་འཆམ་རས།