བལ་ཡུལ་དུ་སྐད་ཆ་འདི་འདྲའི་བཤད་བཞིན་འདུག
ཐོག་མ་མཆོད་རྟེན་ཆེན་མོ་སྐོར་ལམ་དུ་སླེབས་དུས་ལྷ་སའི་བར་སྐོར་གྱི་ཚོར་སྣང་རྐྱེན་པོ་ཞིག་སྟེེར་བྱུང་། སྐབས་དེར་ཤ་པ་མི་རིགས་ཀྱི་ལོ་གསར་ཁེལ་ཡོད་སྟབས་ཤ་པའི་གདོད་མའི་མི་རིགས་ཀྱི་གཟབ་མཆོར་ལེགས་པ་སྤྲས་པའི་ན་གཞོན་བུ་བོུ་མི་ཉུང་བ་ཞིག་མཆོད་རྟེན་དུ་མཆོད་མཇལ་ལ་ཕེབས་བཞིན་པ་མངོན་གྱི་འདུག ཁོ་བོ་འགྲེམ་འགྲུལ་རླང་འཁོར་ནས་ཕྱིར་ཐོན་མ་ཐག་ཡིན་ཙམ་གདོང་ལ་སྐབས་རེ་རྔུལ་ནག་ཐེབས་པ་ཡང་ཟག་གི་འདུག་ལ་ཐལ་རྡུལ་འཚུབ་མའི་མཚོན་ལྡན་ངུར་སྨྲིག་ཅན་གྱི་རས་གོས་དེ་ཡང་གཡས་རྫེ་གཡོན་སྡུ་ལྟ་བུ་ཞིག་ཡིན་སྟབས་སྐོར་ལམ་མི་མང་ཚོས་བདག་ལ་མིག་དབང་མེད་དུ་གཅེར། ངས་ངོ་ཤེས་པའི་རྒྱ་སྟུག་ཚང་གི་ཨ་ཁུ་འཇམ་དབྱངས་སྐུ་གཟུགས་མི་མང་ཚོའི་དབུ་ལས་ཅུང་མཐོ་བའི་རྣམ་པའི་ཐོག་སྐོར་ལམ་དུ་ཕེབས་བཞིན་འདུག་པ་མ་ཟད་འགྱུར་བ་ཆེར་མེད་པའི་ཅུང་སྒེག་ཉམས་དང་བཅས་བཀའ་བློན་ཁྲི་པའི་གླེང་མོལ་ཞིག་ལས་རྩམས་ནས་ཆིབས་སོང་། དེ་ནས་མཆོད་རྟེན་གྱི་གློ་གཡས་སུ་ཡོད་པའི་ཇ་ཁང་ཞིག་གི་ནང་འཛུལ་དུས་གྱང་ངོས་ཚང་མར་བཀའ་ཁྲི་འོས་དམིགས་རྒྱ་སྒྲོན་དང་ཚེ་རྟན་ནོར་བུ་སོགས་སྦྱར་བྱང་གི་བཀང་འདུག དེ་མུར་ང་ཡང་ཇ་ཕོར་གང་མངགས་ཡིན། ཇ་ཁང་ཁག་གསུམ་ཙམ་ཞིག་འདུག་ལ་དེ་གསུམ་ནི་མཆོད་རྟེན་ཉེ་འགྲམ་ དུ་ཡོད་པའི་ཡོངས་གྲགས་ཀྱི་ཇ་ཁང་གསུམ་ཡིན་པ་མ་ཟད་མི་ཚོགས་ཧ་ཅང་ཆེ་བ་ཞིག་ཀྱང་རེད་འདུག བདག་ནི་ཁེར་རྐྱང་ཞིག་ཡིན་ ནའང་གཡས་གཡོན་ཚང་མར་ཆབ་གླེང་མོལ་སྣ་ཚོགས་བྱེད་བཞིན་འདུག་པས་ངས་རྣ་བ་ཕྱིར་ཕྱོགས་སུ་མངགས། བགྲེས་སོང་ ཁག་ཅིག་གིས་བོད་གཞུ་བཀའ་དྲིན་ཆེན་པོ་ཅི་གང་མིན་བཀའ་དྲིན་ཆེ་ཤོས་བལ་པོ་སྲིད་གཞུང་འདི་ཡིན་ཁེར་རྐྱང་སླེབས་དུས་ཟ་ཡ་དང་མཐུང་ཡ་ཚང་མ་འདི་པ་ཚང་གི་སྤྲད་སོང་མ་གཏོགས་སུ་གང་མེད་ཟེར། ང་ནི་སྐད་ཆ་དེ་ཐོས་དུས་ཞེད་སྣང་དང་བཅས་དངོས་ཉིད་ ཧམ་བསམ་སོང་ང་ཚོ་ཚང་མ་མི་ཡུལ་ས་མཐར་འགྱར་དུས་སྐྱབས་མགོན་ཉག་ཅིག་པོ་དེ་༧གོང་ས་མཆོག་མ་གཏོགས་སུ་གང་མེད་པའི་ བདེན་ཚིགས་འདི་ལས་རྒལ་བའི་སྐད་ཆ་འདི་ངའི་རྣ་བར་ཐོས་པ་དང་པོ་ཡིན། ད་དུང་བགྲེས་སོང་དེས་ངས་བུ་ལ་ལབ་ཡིན་དབྱིན་ ཡིག་ཡག་པོ་ཤེས་དགོས་རེད་མ་གཏོགས་ཁ་ལག་རག་གི་མ་རེད་བོད་གཞུང་གི་ཁ་ལག་སྤྲོད་ཀྱི་མ་རེད། བཀའ་བློན་ཡིན་ཟེར་བ་དེ་ ཚོས་ཁ་བདེ་པོ་བཤད་རེད་མ་གཏོགས་ཅི་གང་ཡོད་མ་རེད་ལབ་ཡིན། ཡིན་ནའང་བུ་རྒྱུད་ཚོས་ཉན་གྱི་མི་འདུག་བོད་གཞུང་ཟེར་དུས་ སེམས་ཤུགས་ཞེ་པོ་འདུག་མ་ཟད་ང་ཚོས་ལབ་དུས་པ་ལགས་ཁྱེད་རང་དེ་འདྲའི་བཤད་ཡ་ཡོད་མ་རེད་ཟེར་ནས་ཚུར་སློབ་བྱ་རྒྱབ་ཀྱི་ འདུག་ཟེར། ཡང་ཇ་མཐུང་མཁན་ཁག་ཅིག་གིས་འདི་ལྟར་བཤད་བཞིན་འདུག་བཀའ་བློན་ཁྲི་པ་དེ་བཀྲས་མཐོང་འཐོབ་ན་ཡག་ པོ་འདུག་ཁོ་རང་ཤེས་འཇོན་གཉིས་ལྡན་རེད། མ་གཞི་ང་ཚོའི་ཆོལ་ཁའི་མི་དེ་ཚོ་སླར་པོ་ཞེ་དྲག་རེད།དངོས་ཉིད་བྱས་ན་དགའ་ལྡན་ཕོ་ བྲང་སྲིད་གཞུང་དེ་འཇུ་ཆེན་ནས་གཟུང་མང་ཆེ་བ་ཆོལ་ཁ་ག་གེ་མོ་མི་རྐྱང་རྐྱང་གི་ཟིན་བསྡད་ཡོད་རེད། དེ་རྟེན་དབུས་ཀྱི་ལས་ཁུངས་ ནང་ང་ཚོ་མི་ཞེ་དྲག་ཚོད་ཐུབ་མི་འདུག ད་དུང་སྟབས་ལེགས་པ་ཞིག་ལ་བདེ་སྲུང་ལས་ཁུངས་ནང་སྔོན་ནས་ད་བར་ང་ཚོའི་མི་སླེབས་པ་ཡིན་ཙམ་ང་ཚོའི་མི་ཉུང་བ་ཞིག་ཆབ་སྲིད་བརྩོན་པ་ནང་ཚུད་སོང་མ་གཏོགས་གཞན་ཡོད་མ་རེད། ད་དུང་ང་ཚོའི་དབུས་རྒྱུན་ གྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མོ་ཡག་པོ་ཞེ་དྲག་འདུག ད་ལོ་སྤྱི་འཐུས་ཀྱི་འོས་དམིགས་དེ་ཚོར་ཆ་རྐྱེན་དཔེ་ཡག་པོ་སྟོན་སོང་། མོ་རང་དངོས་ཉིད་འཇོན་པོ་ཞེ་དྲག་རེད། སྤྱི་འཐུས་འོས་འཐོབ་དགོས་ཀྱི་འདུག ང་ཚོའི་མི་དེ་ཚོ་ཀླད་པ་ཅིག་ལ་མི་འདུག སྒྲོལ་མ་ཚེ་རིང་མོ་རང་གིས་དབུས་རྒྱུན་གྱི་སྟོན་པ་བཀའ་ཁྲི་དང་སྤྱི་འཐུས་དེ་ཚོར་འོས་བླུགས་དགོས་པ་རྒྱུ་མཚན་གང་འདྲ་ཡག་པོ་བཤད་སོང་། སྐབས་དེར་མི་ཁག་ཅིག་གིས་སྒྲོལ་མ་ཚེ་རིང་མོ་ལ་འཇིགས་སྣང་ཞེ་དྲག་སྐུལ་སོང་། ཡིན་ནའང་མོ་ཁ་བདེ་གྲགས་ནས་ད་དུང་གསར་འགྱུར་འགོད་མཁན་དེ་ཚོ་ལྟོ་གོས་ཆེད་དུ་རེད་ལབ་སོང་། མུ་འཐུད་ནས་གསུང་དོན་ལ་བཀྲིས་དབང་འདུས་ཁོ་པ་དངོས་ཉིད་བྱས་ན་ང་ཚོའི་མི་ཡིན་མོད་ང་ཚོར་ཞེན་འགོག་ཅིག་ལ་ཡོད་མ་རེད་མི་ཚང་མར་སྙོམས་པ་འདྲ་པོ་བྱས་ནས་བསྡད་ཀྱི་རེད། དེ་འདྲའི་ག་པ་ཡོང་གིན་རེད་སྐུ་ངོ་བཀྲས་མཐོང་ཡིན་ན་ང་ཚོའི་མི་རེད་ལ་ང་ཚོར་ཤ་ཚ་དང་ཞེན་ཁོག་ཞེ་དྲག་ཡོད་རེད་ཟེར།ཡང་བོད་ནས་ཡོང་མཁན་ཞིག་དང་བཙན་བྱོལ་ནང་གནས་པའི་ཕོ་གསར་ཞིག་མཉམ་དུ། འདི་ལྟར་བཤད་སོང་། ང་ལོ་ཁ་ཤས་གོང་ནས་ཚོང་ཞེ་དྲག་ཡག་པོ་ཕོགས་མ་སོང་། ད་ལོ་འདི་ཕྱོགས་གནས་སྐོར་ཡོང་བའི་ཞོར་དུ་ཨ་རིར་འགྲོ་སའི་ལག་འཁྱེར་ཉོ་ཁར་སླེབས་ ཡིན།ཁྱེད་རང་ངར་སང་ཉིན་རོགས་པ་འགྲོ་ནས་ལག་འཁྱེར་༼པག་སི་༽ཙོང་ས་དེ་འཁྲིད་དགོས་ཟེར།ཕོ་གསར་དེས་གད་མོ་དང་བཅས་ཨ་རིར་འགྲོ་སའི་ལག་འཁྱེར་༼པག་སི་༽ལས་སླར་པོ་ཡོད་མ་རེད་ཉུང་མཐའ་ཡང་སྒོ་འབུམ་བཅུ་ཡས་མས་དགོས་རེད་ཟེར། གསར་འགྱུར་དེས་མ་རེད་མ་རེད་སྔོན་མ་ང་ཚོ་ལྷ་སར་འདུག་དུས་མི་ཞིག་ཡོད།དེས་རྗེས་མ་རྒྱའི་ཚོང་ཁང་ཞིག་ནང་ལྷམ་འགོག་ཆ་གཅིག་རྐུ་མ་རྒྱབ་ནས་བཙོན་ཁང་ནང་ཟླ་བ་གཅིག་ཙམ་བཀག་རྗེས་རྒྱ་གར་ལ་འབྲོས་འདུག ཉེ་ཆར་ཨ་མི་རེ་ཀར་སླེབས་འདུག་ཁོ་ པ་ལ་འབུམ་ལྟ་ཞོག་སྒོ་བརྒྱ་ཡས་མས་ཡོད་པ་དཀའ་ལས་རེད་ཟེར། ཕོ་གསར་དེས་ཁོ་ཆབ་སྲིད་བཙོན་པ་ཡིན་སྟབས་བོད་གཞུང་གི་ བཏང་པ་རེད་ཁོང་ཚོ་ལ་ལག་འཁྱེར།༼པག་སི༽་ལས་སླར་པོ་རེད་ཟེར། གསར་འགྱུར་དེས་ཨ་ལེ་ཆབ་སྲིད་བཙོན་པ་ཟེར་ན་བོད་ནང་ རྐུ་མ་རྐུ་མི་བསད་རྒྱ་ཉམས་ཆུང་དེ་ཚོའི་ཚོང་ཁང་སོགས་གཏོར་རྐྱེན་བཙོན་ཁང་ནང་ཉིན་ཤས་འདུག་མཁན་ཚོར་ཟེར་བ་རེད་དམ། ཕོ་གསར་དེས་མ་རེད་མ་རེད་བོད་བསྟན་པ་ཆབ་སྲིད་དང་རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་ཕེབས་དགོས་ཟེར་བ་དང་བོད་རང་བཙན་ཡིན་ ཟེར་བ་སོགས་ཀྱི་སྐད་འབོད་བྱེད་མཁན་དེ་ཚོ་ལབ་དགོས་རེད་ཟེར། གསར་འགྱུར་དེས་ཧམ་བསམ་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ མགོ་སྐོར་གཏང་ཕོད་པ་ཨ་མང་མང་་་་་་་་་་་་་ཟེར་བཞིན་དུ་ཇ་མཐུང་འཕྲོ་བཅད་ནས་ཕྱིར་ཐོན་སོང་། ཁོ་བོ་ནི་གོང་གི་སྐད་ཆ་དེ་ཚོ་ ཐོས་དུས་སྐྱོ་སྣང་ཞིག་གི་མགོ་བོ་དུད་དེ་མགྲོན་ཁང་གཅིག་གི་ཕྱོགས་སུ་ཕྱིན་ཡིན། ཡིག་ནོར་མཆིས་ཚེ་བཟོད་གསོལ་དང་སྦྲགས་ནོར་ བཅོས་ གནང་རོགས་གནོངས།