དངོས་པོ་བརྗོད་པ། ད་ནང་ཞོགས་པ་བྲིས།

ནམ་མཁའ་ས་གཞི་རི་ཆུ་རྒྱ་མཚོ་ནགས་ཚལ་མེ་ཏོག་རི་དྭགས་བཅས། །

རེ་རེ་ལས་ཀྱང་རེ་རེ་མཚར་བའི་སྒྱུ་འཕྲུལ་བཟང་བོའི་བཀོད་པ་འདིས། །

རྒྱུན་དུ་བདག་ལ་ཅི་ཞིག་འདྲི་བ་ཡིད་ཀྱི་ཟུར་ལ་མ་ཤར་ཏེ། །

རྟོགས་དཀའི་གསང་བ་གཞན་དང་གཞན་ཞིག་འདི་ཡི་ཕག་ན་ཡོད་པར་ངེས། །

དྲིས་ལན་མེད་པའི་དྲི་བ་སྟོང་གིས་བདག་གི་ཡིག་ཚགས་ཁེངས་པར་གྱུར། །

རྩ་བ་མེད་པའི་རྩེ་མོ་འབུམ་གྱིས་བདག་གི་མཐོང་ལམ་བསྒྲིབས་པར་གྱུར། །

བྲོ་བ་མེད་པའི་མྱོང་བ་འདི་ལ་ད་ལྟ་ཅུང་ཟད་སུན་ན་ཡང་། །

བསྒྱུར་དུ་མེད་ཅིང་བསྐྱུར་དུ་མེད་པའི་མཐོང་སྣང་འདི་དག་ཡལ་མ་གྱུར། །

ཁོད་ཡངས་ལོ་མའི་ལྟེབ་ཏུ་ཉལ་བའི་མཛེས་ཤིང་སྡུག་པའི་སྲིན་འབུ་དག །

དལ་བུ་དལ་བུས་འགུལ་ཙམ་བྱེད་འདི་མཆོག་ཏུ་མཆོག་ཏུ་མཛེས་པ་སྟེ། །

ཁྱོད་ལ་དབང་བའི་མཐའ་ཡས་གནམ་ས་ཇི་ལྟར་ཁྱོད་ལ་རན་པ་ཙམ། །

ཚངས་པའི་རྒྱལ་སྲིད་དཔལ་གྱི་ཅོད་པན་ཚངས་པའི་ཆེད་དུ་དེ་ལྟར་མིན། །

བྱེ་བ་ཕྲག་རྒྱའི་དུས་ཀྱི་ཉལ་འགྲོ་སྡོད་པར་མི་འགྱུར་འགྲོ་མི་འགྱུར། །

གར་མཁན་མཁས་པའི་ལད་མོ་བྱེད་པའི་རྣམ་པ་འགྱུར་བའི་ཆོས་ཉིད་འདིས།།

བདག་གི་དར་རྒུད་ལག་ཏུ་བླངས་ནས་ཅུང་ཟདཅུང་ཟད་བགད་པ་དེར། །

དོན་གྱི་ཡ་ལན་ཇི་ལྟར་གདབ་པ་སང་ཉིན་བདག་གིས་བརྗོད་པར་བྱ། །

གསེར་གྱི་སོར་གདུབ་ལྷག་ཏུ་གསལ་བྱེད་དཔལ་ལྡན་འོད་ཆགས་ལུས་ཕྲ་མ། །

སྨིན་མའི་འཁྲི་ཤིང་རབ་ཏུ་གཡོ་ལྡན་སྙིང་གི་ཆོམ་རྐུན་རི་དྭགས་མིག །

ཤེར་གྱི་མཆོད་སྡོང་དམན་སར་འགོད་མཁས་ལང་ཚོའི་འཁྲི་ཤིང་མྱ་ངན་མེད། །

ཁྱོད་ནི་སུ་ལ་ཇི་ལྟར་མཛེས་པ་དེ་ལྟར་དེ་ཉིད་བསྲེག་པར་འགྱུར། །

བྱེ་ཐང་ཆེན་པོའི་ནམ་མཁའ་དག་ནི་རྡུལ་དམར་དཀྲིགས་པས་ཉམས་པ་སྟེ། །

རྒྱ་མཚོའི་དཀྱིལ་འཁོར་བརྟན་ཅིང་ཟབ་པ་འཁྲུག་པའི་རླུང་གི་དཀྲུགས་པར་སྣང་། །

བདག་གི་སེམས་ཀྱི་བརྟན་པ་ཕུང་བྱེད་ཡིད་ཀྱི་ཚེར་མ་མིག་ལས་སྐྱེས། །

ཀྱེ་མ་དངོས་པོའི་ཉམས་སད་འདི་དག་བསམ་པ་ལས་ཀྱང་འཇིགས་པར་སྣང།

ཞེས་པ་འདི་ཡང་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐའེ་པེ་ནས་ཀྭའོ་ཞའོང་དུ་འགྲོ་བའི་མྱུར་བགྲོད་མེ་འཁོར་དུ་བྲིས།

༢༠༡༡།༢།༩།