བཀའ་བསྟན་དབྱིན་བསྒྱུར་གྱི་སྙིང་དོན།
སྤྱིར་བོད་ཀྱི་སྐད་ཡིག་གི་སྙིང་དོན་ངོ་མ་དེ་ནང་པའི་ལྟ་གྲུབ་ལས་ཆེས་འབུར་དུ་ཐོན་པའི་བསྟན་བཅོས་གཞན་ཞིག་རྙེད་དུ་མེད། འོན་ཀྱང་སྔོན་བྱོན་ལོ་པཎ་རྣམས་ཀྱིས་གཅེས་པའི་སྲོག་ལ་ཐུབ་ཀྱང་རྒྱ་གར་ནས་གསེར་དངུལ་འབུམ་ཕྲག་གིས་གདན་དྲངས་པའི་ཐུགས་ཀྱི་དགོངས་པ་དེ་ཅི་ཞིག་རེད། མི་རིགས་ཀྱི་ཞེན་ཁོག་ཁོ་ན་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ན་ལ་དམིསག་པ་ཞིག་ཡིན་རྒྱུ་མ་རེད། ནང་པའི་བསྟན་པ་དེ་བོད་བསྒྱུར་བྱེད་པའི་ཕན་པ་གཙོ་བོ་དེ་དུས་ད་ལྟར་རྒྱ་གར་ན་ནང་ཆོས་ནུབ་ཚར་ཡང་བོད་གངས་ཅན་དུ་འཆད་སྒྲུབ་སྤེལ་གསུམ་མཛད་བཞིན་ཡོད་པས་བསྟན་པ་བརྒྱུད་སྤྲོད་བྱེད་པ་དང་གཅིག་མཚུངས་རེད། ད་ལྟའི་དུས་འདིར་བོད་ཡུལ་འདི་འཇིགས་ལ་ཉེ་ཡང་བོད་ཀྱི་ནང་བསྟན་དེ་འཛམ་གླིང་ན་ཁྱབ་བཞིན་པ་དེ་ནི་དགའ་འོས་པ་དང་འགྲོ་བ་ལ་སྨིན་པའི་རྒྱུ་ཞིག་ཆགས་ཀྱིན་ཡོད་པས། སྔོན་གྱོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་ཐུགས་རེ་ཆུ་ཟོད་དུ་མི་འགྲོ་བ་བྱ་ཐུབ་པ་ནི་མཐོ་༧རྒྱལ་བ་རིན་པོ་ཆེ་ནས་བཟུང་དམའ་བླ་སྤྲུལ་ཚང་མའི་མཛད་རྗེས་ཤིག་ཏུ་བགྲང་ཆོག ང་ཚོས་བསམ་བློ་དེ་གཡང་རྒྱུག་མ་བྱེད་པ་རྣལ་དུ་ཕབ་ནས་དམིགས་རྒྱང་རིང་ཙམ་བྱོས་དང་། ༧རྒྱལ་བ་རིན་པོ་ཆེའི་དམིགས་ཡུལ་ལམ་ལས་འགན་གསུམ་དེ་གང་རེད། འདི་དང་མཐུན་པའི་བྱ་བ་དེ་ཚོ་སྐྱེ་བུ་དམ་པ་མ་གཏོགས་ང་དང་ཁྱོད་འདྲ་བ་དེ་ཚོས་ལྟ་བ་ཙམ་དང་ཉན་པ་ཙམ་གྱིས་དོན་རྟོགས་ག་ལ་ནུས།
ཁ་ཕོར་ལ་བསམ་བློ་བཏང་རྒྱུ་མང་དྲག་ན་གཞིས་ཀ་ཆུ་ཡིས་བྲེད་པར་ཡང་མ་མཐོང་བ་ཞིག་ཡོང་གི་རེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རྒྱབ་སྐྱོར་དང་ནུས་པ་བཏོན་འདོད་ན། དང་ཐོག་རང་གི་བུ་ཕྲུག་དེ་ཚོས་བོད་སྐད་གཙང་མ་རྒྱབ་ཤེས་པ་ཞིག་བྱོས་དང་། དེ་ནས་རང་གི་སྐད་ཡིག་ཏུ་ཡོད་པའི་ནང་པའི་ལྟ་གྲུབ་དང་བཀའ་བསྟན་ལ་སྦྱང་པ་བྱེད་ནས་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་གོ་བ་བྱོས་དང་། བྱ་བ་དེ་ཚོ་དུས་ད་ལྟར་བྱ་ས་མེད་པ་ཞིག་དང་གོ་སྐབས་མེད་པ་ཞིག་མ་རེད་དེ། བྱ་མི་ཐུབ་པ་དང་བྱ་ཁོམ་མེད་པར་ཚང་མས་དཔལ་འབྱོར་གྱི་ཆེད་དུ་མཐའ་ན་རང་གི་བུ་ཕྲུག་ཚོ་ལ་དབྱིན་ཇིན་སྦྱང་ན་ཕན་ཐོག་ཆེན་ལུགས་འགྲེལ་བཤད་རྒྱབ་བཞིན་ཡོད་པ་རེད། རྒྱལ་ཁབ་ཀྱི་གནས་སྟངས་འདི་འདྲ་ཞིག་དང་མི་རིགས་ཀྱི་གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ་ཆོས་རྒྱལ་ཚོས་སྐུ་ལས་སྐྱོད་ནས་བཞག་པའི་ཕ་ནོར་དེ་འཛམ་གླིང་འདི་ནས་ཡལ་བ་གྱུར་ན། ཁྱོད་དང་ང་ཚོས་ཡབ་མེས་ཀྱི་ཐུགས་བསམ་བསྒྲུབ་པ་རེད་དང་ཐུགས་འགལ་བྱེད་པ་རེད་བཤད་ཚོད་མི་ཐུབ་པ་ཞིག་རེད།
དྲ་གྲོགས་འགའ་ཤས་ཀྱིས་ཕྱི་གླེང་གི་ཤེས་བྱ་མང་པོ་ཞིག་བོད་བསྒྱུར་དགོས་པའི་རེ་འདོད་བཏོན་འདུག་ དེ་ལ་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད། མདོར་བསྡུས་ནས་བཤད་ན་ནང་པའི་ལྟ་གྲུབ་འདི་དུས་རབས་ཀྱི་དགོས་མཁོ་དང་འགྲོ་བ་རིགས་དྲུག་ལ་དམིགས་པའི་འཛམ་གླིང་གི་སྤྱིར་ནོར་ཞིག་རེད་མ་ཏོག ཁང་པ་ནང་མཛེས་རྒྱན་སྐྲུན་ས་ཞིག་དང་བེད་མེད་གཟིར་དང་བྱུར་རུ་འདྲ་བ་ངོམས་ངོམས་བྱེད་རྒྱུ་ཞིག་གཏན་ནས་མ་རེད།
ང་ཚོ་རིག་པ་གྲུང་མདོག་དང་ཀླད་པ་སྤྱང་མདོག་བྱེད་ནས་དོན་མེད་གཞན་ལ་ཟུར་ཟ་དང་དམའ་འབེབ་བྱེད་པ་ནི་ང་ཚོ་རང་ཉིད་ཀྱི་གཟི་བརྗེད་དེ་རང་ཉིད་ཀྱིས་བཅོམ་པ་ཞིག་ལོས་ཡིན། ངས་ཁྱོད་ཚོ་ལ་སྐད་ཆ་འགའ་ཤས་འདྲི།
དང་པོ། ནང་པའི་ཆོས་ཀྱི་རྒྱལ་པོ་རྗེ་༧་རྒྱལ་བ་རིན་པོ་ཆེས་འདིའི་སྐོར་མི་མཁྱེན་པ་ཞིག་རེད་དམ། མཁྱེན་བཞིན་དུ་རིག་གཞུང་ཕྱི་བཙོང་བྱེད་པ་ཞིག་རེད།
གཉིས་པ། ཚེ་གང་པོ་བླ་མའི་བཀའ་དགོངས་འགྲུབ་ཆེད་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མཁན་མཁས་དབང་སློབ་དཔོན་ཟམ་གདོང་རིན་པ་ཆེས་གྲོད་པ་གང་རྒྱུ་ཆེད་དུ་རིག་གཞུང་དངུལ་སྒོར་བརྗེ་མཁན་ཞིག་ལ་ངོས་འཛིན་བྱེད་པ་ཡིན་ནམ།
གསུམ་པ། འདི་ཚོ་ང་ཚོས་ཁས་ལེན་མི་ཕོད་ན་ང་ཚོས་རང་གི་དཔྱད་པ་བྱེད་པའི་བློ་དེ་དྲི་མ་ཅན་ཞིག་ཡིན་པར་ངོས་འཛིན་ཐུབ་བམ།
གནས་ཚུལ་གསལ་པོ་ཤེས་འདོད་ན་སྐུ་སྒེར་ཡིག་ཚང་དང་བཀའ་སྤྱི་ལས་ཁུངས་སོགས་ཐད་ཀ་འབྲེལ་བ་བྱ་བ་ལས་ཟིན་བྲིས་ཁང་དུ་འཛུལ་ནས་ཁྱོད་དང་ང་འདྲ་བ་དེ་ཚོས་རྡོག་གིས་རྡོག་བརྡུང་ན། རྡོག་རྩམ་མིག་བརྟོལ་ཞེས་པའི་དཔེ་ལས་གཞན་སྙིང་དོན་གང་ཡང་མེད།