ཅ་ཆིང་ལིན་གྱིས་ཏཱ་ལའི་བླ་མའི་ཚོགས་པར་ཁ་གཏོད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་སྣ་ཚོགས་བཟང་པོར་བསྒྲུབ་པར་བཀོད་སྒྲིག་གནང་། ཅ་ཆིང་ལིན་གྱིས་འདས་པའི་ལོ་གཅིག་གི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ལས་དོན་སྣ་ཚོགས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་ནི། ང་ཚོའི་ལས་དོན་སྣ་ཚོགས་ཀྱི་ལས་འགན་གཙོ་བོ་ཡིན། ད་ལོ་ནི་ལོ་ལྔ་ཚན་བཅུ་གཉིས་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པས། རྗེས་ཕྱོགས་ཀྱི་ལོ་ལྔ་དང་དེ་ལས་རིང་བའི་དུས་སྐབས་ཀྱི་ལས་དོན་གྱི་འཆར་འགོད་བཟང་པོ་བཟོས་ཏེ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱ་དགོས་ལ། ས་ཆ་སོ་སོའི་ལས་དོན་དངོས་ལ་ཟུང་འབྲེལ་དམ་པོ་བྱས་ཏེ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་ལས་དོན་བཟང་པོར་བསྒྲུབ་པ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ་དམ་འཛིན་ལེགས་འཛིན་གྱིས་ཕན་འབྲས་ཐོབ་པར་བྱས་ནས། རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་གྱིས་བསྟན། ཅ་ཆིང་ལིན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ལྗོངས་ལྔའི་ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་ཀྱི་ལས་གཞི་གལ་ཆེན་དང་སྲིད་ཇུས་ཀྱི་སྦྲེལ་མཐུད་ལས་དོན་བཟང་པོར་བསྒྲུབ་ནས། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བས་གཏན་ལ་ཕབ་པ་དང་ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་སུ་དངོས་འབེབ་བྱེད་དགོས་པའི་གཟིགས་སྐྱོང་སྲིད་ཇུས་དང་། ལས་གཞི་གལ་ཆེན། དངུལ་གཏོང་ལས་དོན་བཅས་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་གྱི་སྤྱིའི་དཀར་ཆག ད་དུང་ལྗོངས་ཞིང་ལྔའི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་དང་ཀྲུང་དབྱང་སྡེ་ཁག་སོ་སོའི་ཆེད་དོན་འཆར་འགོད་བཅས་ཀྱི་ནང་དུ་གསལ་བོར་མཚོན་པར་བྱེད་དགོས་ཤིང་། ནོར་སྲིད་རྒྱབ་སྐྱོར་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ནོར་སྲིད་འགྲོ་སྒོ་བརྗེ་སྤོར་གྱི་ཕྱོགས་སྟོན་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ལ་ཁྱད་ཆོས་ལྡན་པའི་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏོང་རོགས་དང་། རང་སྟེང་གི་འཕེལ་རྒྱས་ནུས་པ་བསྐྱེད་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་ཡོང་བར་ཁག་ཐེག་བྱེད་དགོས་པ་དང་། མང་ཚོགས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དུ་གཏོང་དགོས་ལ། མཚོ་སྔོན་ཡུལ་ཤུལ་དང་ཀན་སུའུ་འབྲུག་ཆུའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་དོན་བཟང་པོར་བསྒྲུབ་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས། ཅ་ཆིང་ལིན་གྱིས་ནན་གྱིས་བསྟན་དོན། ཁ་གཏད་རོགས་སྐྱོར་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་ཏེ། བོད་ལྗོངས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྤྱིའི་འཆར་གཞིའི་སྒྲིག་བཟོ་དང་ལག་བསྟར་ལས་དོན་མྱུར་དུ་བཟང་པོར་བསྒྲུབ་པ་དང་། བོད་ལྗོངས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། ལས་བྱེད་པའི་དོ་དམ་དང་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། ལས་བྱེད་པ་རོགས་སྐྱོར་དུ་མངགས་པ་བརྒྱུད་དེ་ལས་བྱེད་པའི་དཔུང་སྡེའི་སྟོབས་ཤུགས་ཇེ་ཆེར་བཏང་ནས། ས་དེའི་འཕེལ་རྒྱས་དང་བརྟན་ལྷིང་བྱ་བར་རྒྱབ་སྐྱོར་བྱས་ཏེ་མི་རིགས་ཀྱི་མཐུན་སྒྲིལ་ཇེ་དམ་དུ་གཏོང་དགོས། ཁ་གཏད་རོགས་སྐྱོར་ལས་དོན་དེ་སྔར་ལས་ཀྱང་གཞི་རིམ་དང་རོང་འབྲོག་ཕྱོགས་ལ་ཕྱོགས་དགོས་པ་དང་། རོགས་སྐྱོར་བྱེད་སའི་ལས་བྱེད་པ་དང་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཤིང་། མང་ཚོགས་ཀྱི་ལྟ་རྟོག་དང་དུ་བླངས་ཏེ། རོགས་སྐྱོར་ལས་གཞི་ཐམས་ཅད་མི་དམངས་ཡིད་ཚིམ་པའི་ལས་གཞི་རུ་འགྱུར་བར་བྱས་ནས། ཁ་གཏད་རོགས་སྐྱོར་བྱ་བར་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཐོབ་པར་བྱེད་དགོས། ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་ལ་ཤུགས་བསྣན་ནས། ཁ་གཏད་རོགས་སྐྱོར་བྱ་བའི་ཁྲོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སྔོན་ཐོན་བྱས་རྗེས་རྒྱ་ཆེར་དྲིལ་སྒྲོག་བྱེད་དགོས། ཁོང་གིས་ད་དུང་མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། སྤྱི་ཚོགས་དོ་དམ་ཚན་རིག་ཅན་གྱི་ཆུ་ཚད་ཡོངས་སུ་ཇེ་མཐོར་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་བྱེད་པ་ནི། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་འགན་སྲུང་དང་རྨང་གཞི་ཡིན་པས། ཏཱ་ལའི་བླ་མའི་ཚོགས་པར་ཁ་གཏོད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་སྣ་ཚོགས་བཀོད་སྒྲིག་ཞིབ་མོ་བྱེད་པ། བོད་བརྒྱུད་ནང་བསྟན་ལས་དོན་གཟབ་ནན་གྱིས་བཟང་པོར་བསྒྲུབ་པ། དམིགས་ཡུལ་ཡོད་པའི་སྒོ་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བར་ཤུགས་སྣོན་པ་བཅས་བྱས་ཏེ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་བསྐྲུན་དགོས་ལ། ཏང་དང་སྲིད་གཞུང་གིས་གཙོ་བོར་འཛིན་པའི་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་སྒྲིག་སྲོལ་ལ་སྔར་ལས་ཤུགས་བསྣན་ཏེ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་དང་ཞབས་ཞུའི་མ་ལག་ལ་ཤུགས་བསྣན་ཏེ་འཐུས་ཚང་དུ་གཏོང་བ། ཆ་འཕྲིན་དྲ་བའི་དོ་དམ་ལ་ཤུགས་བསྣན་ཏེ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པའི་སྐོར་གསུངས། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་མིན་ཅན་ཀྲུའུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏུའུ་ཆིང་ལིན་གཉིས་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་ལ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་། བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ལྗོངས་ཞིང་ལྔའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ཡོད

 

བོད་ལྗོངས་ཆ་འཕྲིན་ལས་འདྲེན་བཀོལ་བྱས