དེང་གི་བླ་རྫུན།
བླ་བྲང་རྫིག་པོ་གྲྭ་རྐྱང་མདུན་དུ་ངོམ།།
ཁྲི་འབུམ་དངུལ་ལོ་མཛེས་མའི་ཞལ་ལ་མཆོད།།
སྐྱབས་རྟེན་བསྔོ་རྟེན་བྱ་ཤ་བསྲེག་མ་བསྒྱུར།།
དེང་གི་བླ་རྫུན་དངོས་ཀྱི་ཆོས་བཤད་ཡིན།།
དངུལ་ཁུག་རྒྱགས་པས་ལག་ཐོགས་ཁ་པར་གསོ།།
ཕྱི་ཡུལ་རྒྱལ་ཁབ་ངེས་མེད་ཞབས་ཀྱིས་བཅགས།།
ལུས་སེམས་ལྡོམ་པ་ཕྱི་ཡུལ་བུ་མོ་བཙོང།།
དེང་གི་བླ་རྫུན་འཇུག་གི་བསྔོ་སྨོན་ཡིན།།
མངའ་ཞབས་འབངས་ཀྱི་བདེ་སྡུག་ངོ་སོ་བལྟ།།
གྲྭ་རྐྱང་སློབ་ཕྲུག་མཐོང་ན་ཟུར་མིག་སྦྱིན།
སྐུ་ངོ་གྲགས་ཅན་མཐོང་ན་མགྲོན་འབོད་བྱ།།
དེང་གི་བླ་རྫུན་སྔོན་འགྲོའི་སྤྱོད་པ་ཡིན།
རང་རིགས་མཐོང་ན་སྙད་ཞིང་གཞན་རིགས་བསྟོད།།
ཕྲག་དོག་ཕན་ཚུན་དགོས་མེད་ལས་ལ་བརྩོན།།
དོན་དམིགས་ཐམས་ཅད་རང་གི་མིང་རྐྱང་བསམ།།
དེང་གི་བླ་རྫུན་དངོས་ཀྱི་སྤྱོད་པ་ཡིན།།
རང་མགོ་ཐོན་ན་འཁོར་འབངས་སྣང་མེད་གཡུགས།།
སྦྱང་འབྲས་ཀུན་སྤྱོད་འབྲོག་གི་གནག་ལུག་མཚུངས།།
བླ་སློབ་བར་གྱི་དམ་ཚིག་གཡང་ལ་བརྫངས།
དེང་གི་བླ་རྫུན་རྣམས་ཀྱི་འཇུག་སྤྱོད་ཡིན།།
