ལོ་གསར་ལ་ཕུལ་པའི་ཤིས་ཚིག
གསར་པའི་ལོ་ཡི་འཛུམ་ཁ་མངར་མོ་འདི།།
གསར་པའི་ལོ་ཡི་འཚོ་བ་དྲོན་མོ་འདི།།
མི་ཚེ་གང་བོར་ཁྱེད་ལ་གནས་གྱུར་ཅིག།
མི་ཚེ་གང་བོར་ཁྱེད་ལ་ཐོབ་གྱུར་ཅིག།
ལྷད་མེད་དྭངས་གཙང་སེམས་ཀྱི་ཟབ་ས་ནས།།
བཀྲ་ཤིས་སྨོན་ལམ་དཀར་པོ་གཡོ་སྟངས་ཀྱིས།།
རྣམ་དག་རེ་བ་གསར་པའི་འཕར་སྟངས་ཀྱིས།།
སྨོན་ལམ་ཞེས་པའི་ཚིག་དེ་ཁྱེད་ལ་འབུད།།
མི་ཤེས་ཤེས་རྫུན་དབུགས་ཀྱི་ལྒང་བུ་དང་།།
གང་ལབ་གཞན་ངོ་བསྲུང་པའི་ཟློས་གར་ལས།།
རིང་དུ་གྱེས་པའི་དོན་དམ་སྐད་ཆ་འདི།།
རྗེན་པའི་མི་ངའི་ཁ་ནས་རྗེན་པར་ཐོན།།
གང་བྱས་གང་ཆེད་ཟློས་གར་མིན་པ་ཡི།།
རྗེན་པའི་གཤིས་ཀྱིས་རྗེན་པར་བརྡར་བ་ཡི།།
རྗེན་པའི་མི་ཡིས་རྗེན་པར་སྨོན་པའི་འཐུས།།
རྗེན་པ་ཐམས་ཅད་རྣམ་པར་རྒྱལ་གྱུར་ཅིག
ཕྱི་རུ་བདེན་པའི་སྤྱོད་པ་མིག་ལ་མཛེས།།
ནང་དུ་བདེན་པའི་སེམས་ཀྱི་རྒྱུ་བ་ཟབ།།
བདེན་པ་ནམ་ཡང་གྲོགས་སུ་སྦྲན་པ་ཡི།།
ལྷད་མེད་གཤིས་དེར་དྲི་མ་མ་བགོས་ཤོག།
མཆན་་་ཚིག་བཅད་འོག་མ་བློ་བཟང་རྒྱལ་བསྟན་མ་ལ་དཔེ་ལེན་ནས་བྲིས་ཡོད།
གང་མི་ཤེས་ཤིང་གང་ཡང་མི་འཇོན་པར་ན་མཉམ་གྲོགས་པོ་ཡོངས་ཀྱི་རྐང་པའི་རྡུལ་གྱི་གྲལ་དུ་གཏོགས་པ་དུས་མཐའི་གྲ་གཟུགས་རྟགས་ཙམ་འཛིན་པའི་ཚད་དུ་གནས་པ། གནའ་དེང་ཤེས་བྱ་གང་གི་ཡང་བྲོ་མ་མྱངས་པའི་བླུན་རྨོངས་པ་ འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་རིགས་མཐུན་སྤུན་ཟླ་ཡོངས་འབུལ་ལོ།