ལོ་སར་གཅིག་གྱུར་ཆེད་ལས་འགུལ་སྤེལ་བ།
སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ནི་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྟ་མང་ནང་པའི་ཚོགས་ཆེན་ཞེས་པས་གོ་སྒྲིག་བྱས་པ་དང་། སྐོར་བསྐྱོད་པ་ཚོ་ནང་པའི་གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོ་ནས་འགོ་བཙུགས་ཏེ་རྒྱལ་སའི་གྲོང་ཁྱེར་ནང་ཁུལ་བརྒྱུད་མཆོད་རྟེན་འཕགས་པ་ཤིང་ཀུན་བར་ལོ་སར་ལ་མཚམས་འདྲི་དང་ལོ་སར་གཅིག་གྱུར་ཆེད་འབོད་ཚིག་འཁོད་པའི་འཕྲེད་དར་དང་། ནང་པའི་ཆོས་དར་སོགས་ཁྱེར་ནས་ལས་འགུལ་སྤེལ་ཡོད་པ་རེད།
དེའི་ཐད་གོ་སྒྲིག་མི་སྣ་གཙོ་གྲས་རྟ་མང་དགེ་བཤེས་ཉི་མ་ནོར་བུས་གསུང་དོན། བལ་ཡུལ་རྒྱལ་ནང་དུ་ནང་པའི་མི་རིགས་ཚོས་རྟ་མང་ལོ་སར་དང་། སོ་ནམ་ལོ་སར། དགུ་རོང་ལོ་སར། བོད་ཀྱི་ལོ་སར་སོགས་མིང་དང་དུས་ཚོད་རོལ་སྟངས་མི་འདྲ་བ་སྣ་ཚོགས་ཡོང་གི་ཡོད་པ་དང་། དེས་རྒྱལ་ནང་གི་ནང་པའི་མི་རིགས་སྤྱི་དང་ལྷག་དོན་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་བར་གྱི་ཆིག་སྒྲིལ་ལ་འགོག་རྐྱེན་དུ་གྱུར་བཞིན་པར་བརྟེན། ད་ལོ་ནས་བཟུང་ང་ཚོས་ཕྱོགས་གང་ནས་བལྟས་ཀྱང་མཚམས་ཤོས་དང་ལོ་རེའི་འཚོ་བའི་གོམས་གཤིས་ཁྲོད་ངོས་ལེན་ལག་བསྟར་བྱེད་བཞིན་པའི་བོད་ལུགས་སྐར་རྩིས་ལོ་ཐོ་བརྩི་སྟངས་ལྟར་གཅིག་གྱུར་ལོ་སར་རོལ་ཐབས་བྱེད་བཞིན་ཡོད། དེ་ལྟར་བྱུང་ན་ནང་པའི་མི་རིགས་སྤྱི་ཡོངས་ལྡོག་རྩ་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་དང་། རྒྱལ་ནང་གི་ཆོས་ལུགས་གཞན་དག་ལྟར་གཅིག་མཚུངས་རྒྱལ་འབངས་ཀྱི་ཁེ་དབང་ཐོབ་ཐང་ལོངས་སྤྱོད་ཐུབ་རྒྱུར་ཕན་པས་ད་ཐེངས་འདི་ལྟར་སྦག་སྦག་སྐོར་བསྐྱོད་ལས་འགུལ་འདི་གོ་སྒྲིག་བྱས་པ་ཡིན་ཞེས་གསུངས་སོང་།
བལ་ཡུལ་རྟ་མང་མི་རིགས་ནི་བོད་དང་ས་འབྲེལ་སུ་ཡོད་པའི་བལ་ཡུལ་མཐའ་མཚམས་ཧི་མ་ལ་ཡའི་རི་རྒྱུད་རྫོང་ཁག་མང་ཆེ་བར་གནས་སྡོད་བྱེད་མཁན་ནང་པའི་མི་རིགས་ཡིན་པ་དང་། བོད་དང་ཆོས་ལུགས་རིགས་གཞུང་སོགས་གང་ཅིའི་ཐད་གཅིག་མཚུངས་ཡིན་པ་རེད། ཡིག་ཆ་ཁག་ལྟར་ན་རྟ་མང་མི་རིགས་ནི་བལ་ཡུལ་རྒྱལ་ཁབ་ཀྱི་མི་འབོར་ཁྲོད་བརྒྱ་ཆ་ལྔ་དང་ཕྱེད་ཙམ་ཡོད་པ་དང་། ཁོ་ཚོ་སྔོན་ལོ་༧༥༥ ཙམ་ལ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་སྐབས་མཐའ་མཚམས་རྟ་དམག་སྲུང་དམག་ལ་ཆེད་གཏོང་བྱས་པ་ལས་ཆེད་པའི་མི་རིགས་ཡིན་པ་རེད།།
{jcomments on}
བལ་ཡུལ་གསར་འགོད་པས།