ཁྲིམས་ལུགས་རྩིས་མེད་གཏོང་པའི་དབུས་འོས་བསྡུ་ལས་ཁུངས།

འོན་ཀྱང་ད་ལོ་བལ་ཡུལ་ཕྱོགས་ནས་སེང་བྲག་དགོན་པ་དང༌། ཐུབ་བསྟན་ཆོས་གླིང་དགོན་པའི་འོས་ཤོག་རྣམས་འོས་ཤོག་ཚད་ལྡན་ཡིན་མིན་ཀྱི་ཞིབ་ བཤེར་དང༌། འོས་བསྡུའི་སྒྲིག་གཞི་དོན་ཚན་༣༣ པའི་ནང་གསེས་༢་པའི་འབྲུ་དོན་ལྟར་ལག་ལེན་གནང་མེད་པ་སྒྲིག་འགལ་ཐོག་མི་མང་གིས་འོས་ཤོག་གང་བླུགས་པ་དེ་ག་རང་འོས་སྒམ་དེ་ག་དབུས་འོས་བསྡུ་ལས་ཁུངས་སུ་བསྐྱལ་ཡོད་་འདུག

འོས་བསྡུའི་སྒྲིག་གཞི་དོན་ཚན་༣༣པའི་ནང་གསེས་༢་པའི་ནང༌། (ས་གནས་འོས་བསྡུ་ལས་ཁུངས་ནས་འོས་ཤོག་རྩ་འབོར་ཇི་བྱུང་དང༌། འོས་འཕེན་པར་འོས་ཤོག་འགྲེམས་སྤེལ་ཇི་སོང༌། ལྷག་མ་ཇི་ཡོད་བཅས་གྲངས་བཤེར་གྱིས་བྱུང་སོང་བསྡད་གསུམ་གྱི་ཐོ་གཞུང་གསལ་འགོད་ ཐོག་འོས་ཤོག་བསྡུ་ཡུལ་གྱི་འགན་འཛིན་དང༌། འོས་ཤོག་འགྲེམས་སྤེལ་བྱེད་པ། འོས་འཕེན་པའི་མིང་གཞུང་བདག་གཉེར་བྱེད་པོ་ཟུར་དཔང་བཅས་ནས་མིང་རྟགས་འགོད་ དགོས།) ཞེས་ས་གནས་སོ་སོའི་འོས་བསྡུའི་འགྲོ་ལུགས་ཀྱི་གཏན་འབེབས་བཅའ་ཁྲིམ་དང༌། 
དེ་ནས་ས་གནས་ཁག་ནས་འོས་གྲངས་གཤེར་ཚར་དུས་དབུས་འོས་བསྡུ་ལས་ཁོངས་སུ་ཕུལ་ཕྱོགས་ཐད་འོས་བསྡུ་བཅའ་ཁྲིམ་དོན་ཚན་༣༤ པའི་ནང་གསེས་༦པའི་ཀ་བ་ལ།

(འོས་ ཤོག་གྲངས་གཤེར་ཟིན་རྗེས་ཐོབ་ཁུངས་སོ་སོའི་འོས་དམིགས་སམ་འོས་གཞི་དོ་བདག་སོ་ སོར་ས་གནས་དེ་ནས་འོས་གྲངས་ཇི་ཐོབ་ཀྱི་བསྡོམས་འབོར་གྲངས་ཐོ་འཁོད་པའི་རེའུ་ མིག་ཟུར་འཛར་ ང་ ལྟར་ཁ་གསལ་ཁམས་དཱངས་ཤིག་དང༌། འོས་བསྡུ་ལས་ཁང་ནས་འོས་ཤོག་གྲངས་འབོར་ཇི་བྱུང་དང༌། འོས་འཕེན་པ་རྣམས་ལ་འགྲེམས་སྤེལ་ཇི་སོང༌། ལྷག་མ་ཇི་ཡོད། འོས་ཤོག་བརྩི་མེད་ཇི་སོང་བཅས་བྱུང་སོང་བསྡད་གསུམ་ཐོ་གཞུང་ཁུངས་སོ་སོར་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ནས་མིང་རྟགས་དང༌། ཚོགས་ཆུང་གི་ལས་ཐམ་བཀོད་དེ་འཐུམ་བསྒྲིལ་ཐེའུ་གནོན་གྱིས་འོས་བསྡུ་ལས་ཁང་དུ་དེབ་བསྐྱེལ་སྦྲགས་བརྒྱད་དམ། མགྱོགས་སྦྲགས་བཅས་གང་དགེས་འཕྲལ་འབུལ་ཞུ་དགོས།)

ཞེས་འཁོད་ཡོད་པ་དག་ཡོང་སུ་འགལ་བ་བྱས་ཏེ། ས་གནས་དེ་དག་གི་འོས་ཤོག་ངོས་ལེན་བྱས་ཡོད་པ་ནི་༧གོང་ས་མཆོག་གི་མཚན་རྟགས་འགོད་པའི་བཅའ་ཁྲིམ་ལ་མ་བརྩིས་པ་དང༌། བཅའ་ཁྲིམས་རིན་པོ་ཆེ་ལ་ཤེས་བཞིན་དུ་ཁྱད་གསོད་བྱས་པ་ཞིག་ཡིན།

ད་ དུང་མང་པོ་གོ་རྒྱུ་ཞིག་ལ། ས་གནས་ཁག་འགའ་ཤས་ནས་མི་གཅིག་གཉིས་ཤིག་གིས་བྲིས་པའི་འོས་ཤོག་མང་པོ་ཐོན་བྱུང་ཡོད་པ་རེད་དེ། དེ་ཚོ་ལའང་དོ་སྣང་མེད་པ་རྩིས་འགྲོ་གཏོང་ཡོད་པ་རེད་འདུག དེ་ཚོས་ག་ནས་ཚད། དགོན་སྡེ་ཁག་གི་ནང༌། བལ་ཡུལ་བ་དང༌། འབྲས་ལྗོང་པ། འབྲུག་པ། སོག་པོ ལ་དྭགས་པ་དེ་ཚོས་ཀྱང་བོད་ཀྱི་བཀའ་བློན་དང༌། སྤྱི་མཐུས་ཀྱི་འོས་ཤོག་བླུག་གི་འདུག་ཟེར་ཀྱི་འདུག དེ་ཚོས་སྐོར་ད་ལོ་གསལ་འགྱུར་ནང་ཐོན་ཡོད་ཀྱང་འོས་བསྡུ་ལས་ཁུངས་ཀྱིས་དོ་དམ་ དང་ཞིབ་འཇུག་གཏན་ནས་བྱེད་ཀྱི་མི་འདུག

ཡ་མཚན་གཅིག་ལ། འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ པའི་༣་པའི་ནང༌། (ཡང་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་ བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ། གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང༌། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་ རྐྱེན་སློང་བྱེད་པ།)ཞེས་དང༌།

ཡང་ནང་གསེས་༣་པའི་ནང་( འོས་གཞིའམ། ཕྱོགས་གཏོགས་བྱེད་མི། གཞན་ཡང་སྐྱེ་བོ་སུ་རུང་ནས་འོས་བསྡུའི་ལས་དོན་ལ་ཕན་གནོད་འབྲེལ་བའི་རྒྱབ་སྐྱོར་རོགས་རམ་དགོས་པའི་འབོད་བསྐུལ་དང༌། སྐྱབས་འཚོལ་བྱུང་རིགས་ལ་གཞུང་འབྲེལ་ལས་བྱེད་སྤྱི་དང༌། ལྷག་པར་འོས་བསྡུའི་ལས་བྱ་སུ་ཐད་ནས་གོ་དབང་བེད་སྤྱོད་བྱེད་པ། འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་མིན་མི་མང་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང༌། ཡིག་ཆ་འགྲེམས་སྤེལ་བྱེད་རིགས། )ཅེས་པ་སོགས་ནི་གཏན་ནས་དོ་སྣང་མེད་པ་དང༌། འགན་ཁུར་བྱེད་ཀྱིན་མེད་པ་བཞག་འདུག

འདི་ཚོ་ལ་བོད་མི་ཚོས་དོ་སྣང་དང༌། འགན་ཁུར་དགོས་པ་ཡིན་པ་ལས། དེ་ལྟར་མ་བྱས་ཚེ། ༧གོང་ས་མཆོག་གིས་ཅང་ང་ཚོའི་མགོན་སྐྱབ་ལས་དགོངས་ཞུ་གནང་གི་ཡོད་པ་རེད།

སྤྱིར་ད་ལོའི་འོས་བསྡུ་ལས་བྱེད་དེ་ཚོ་ནི་ཤེས་འཇོན་གང་ཡང་མི་འདུག་ལ། ཆེན་པོ་ཚོའམ་འབྱོར་ལྡན་གྲལ་རིམ་ཅན་ཚོའི་དབང་འོག་ཏུ་ཚུད་པ་མིན་ནམ་སྙམ་པའི་དོགས་པ་དང་ཚོར་སྣང་བྱུང་།