འོས་བསྡུའི་སྒྲིག་གཞི་དང་འགལ་བའི་བཙན་བཀའ་གསར་མ།

རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་འོས་བསྡུའི་གོ་སྐབས་འདི་དམ་འཛིན་ཆེད་རྡ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་ཞུགས་རྒྱུ་བྱུང་། འོན་ཀྱང་རང་ཉིད་ཆོས་སྤྱིའི་འགེངས་ཤོག་ལེན་མཁན་འགྲོ་དུས། གྲྭ་བཙུན་མང་པོ་ཞིག་ལ་འགེངས་ཤོག་མ་རག་པ་ལོག་ཡོང་བ་དང་ཐུག་སོང་། ཆོས་སྤྱིའི་འོས་བསྡུའི་ལས་བྱེད་ལ་གྲྭ་བ་གསུམ་དང་བཙུན་མ་ཞིག་བཅས་བཞུགས་འདུག ཁོང་ཚོས་ང་ལ་དགོན་པའི་ངོས་སྦྱོར་ལག་ཁྱེར་ཡོད་དམ་ཟེར། ངས་འདིར་ཁྱེར་མེད། ག་རེ་གནང་ཡ་ཡིན་ནམ་ཞུས་པ་ཡིན།

ཁོས་ཚོས་ངོ་སྤྲོད་ལག་ཁྱེར་མེད་ན་འགེངས་ཤོག་སྤྲོད་ཀྱི་ཡོད་མ་རེད་ཟེར། གུས་པས་འདི་ག་རེ་བྱས་ནས་བྱས་པ་རེད། འོས་བསྡུའི་སྒྲིག་གཞིའི་ནང་ལ་དེ་ལྟར་མེད་པས་མ་ཚད་དེ་ལྟར་དགོས་པའི་གསལ་བསྒྲགས་དེ་འདྲ་གང་ཡང་གནང་མ་སོང་ཞུས་ཡིན། ཁོང་ཅག་གིས་ང་ཚོས་ཧ་གོ་མ་སོང་། འོས་བསྡུའི་ལས་བྱེད་ཅིག་གིས་དེ་ལྟར་སྤྲད་མ་བཞག་གསུངས་སོང་། ཁྱེད་རང་ཁོ་ལ་སྐད་ཆ་དྲིས་དང་། ཁོང་གི་མིང་་་་་་་་་་་་་་རེད་གསུངས་སོང་། ལས་བྱེད་པ་ཁོང་བཙལ་བ་ཡིན། ཁོང་དབུས་གཙང་མི་མང་གིས་འོས་འཕེན་ས་དེར་འདུག གུས་པས་ཁོང་ལ་གུས་ཞབས་དང་བཅས་འདི་ལྟར་ཞུས་ཡིན། ངོས་སྦྱོར་ལག་ཁྱེར་མེད་ན་ང་ཚོར་ཆོས་སྤྱིའི་འགེངས་ཤོག་སྤྲོད་ཀྱི་མི་འདུག་དེ་གང་འདྲས་རེད་དམ་ཞེས་ཞུས་པ་ཡིན། ཁོང་གིས་དེ་སྤྲོད་ཀྱི་ཡོད་མ་རེད། ངོ་སྤྲོད་ལག་ཁྱེར་དགོས་ཀྱི་རེད་ཅེས་བྲེལ་འཚུབ་ངང་གསུངས་སོང་།

སྐབས་དེར་གསལ་འགོད་པ་འགའ་ཡང་སླེབས་ཟིན་འདུག  ངས་ཁོང་ལ། བྱེད་སྟངས་འདི་ག་རེ་བྱས་ནས་ཡོང་གི་ཡོད་རེད། འོས་བསྡུའི་སྒྲིག་གཞིའི་ནང་ལ་དེ་འདྲ་ཞིག་གཏན་ནས་མེད་པ་མ་ཟད། དེ་འདྲ་ཞིག་དགོས་པའི་གསལ་བསྒྲགས་ཀྱང་གཏན་ནས་གནང་མ་སོང་ཞུས་ཡིན། ཁོང་གིས་ངས་ཧ་མི་གོ  ང་ནི་ས་གནས་འོས་བསྡུ་ལས་བྱེད་ཅིག་ཡིན། འོས་བསྡུའི་སྒྲིག་གཞི་ག་རེ་ཡིན་ཤེས་ཀྱི་མེད། དབུས་ནས་དེ་ལྟར་བཀའ་ཕེབས་སོང་གསུངས་བྱུང་། གུས་པས། འོ་ན་དེའི་དགོས་པ་གང་ཡིན་པ་དེ་ད་ལྟ་ཁ་པར་བརྒྱུད་དབུས་ལ་སྙན་སེང་ཞུ་རོགས་ཞུས་ཡིན། ཁོང་གིས་ང་ཚོས་ཧ་མི་གོ་ཁྱེད་རང་ཚོས་གནང་རོགས་གོང་གི་བཀའ་རེད་གསུངས་ནས་འགྲོ་གྲབས་བྱེད་ཀྱིན་འདུག གུས་པས་བཙན་བྱོལ་གཞུང་གི་བཅའ་ཁྲིམས་ནང་མེད་པའི་བྱེད་སྟངས་འདི་གོང་རིམ་གྱི་བཀའ་རེད་ཟེར་ན་གང་འདྲ་རེད་དམ། ང་ཚོ་རྒྱ་མིའི་གོང་རིམ་གྱི་བཀའ་ཟེར་བའི་མང་ཚོགས་ཀྱི་ཐོབ་ཐང་དང་། སྒྲིག་གཞི་ལ་ལྟོས་ས་མེད་པའི་བཙན་འོག་ནས་འདིར་ཡོང་བ་རེད། འོ་ན་སྒྲིག་གཞི་ནང་གསལ་མང་གཙོའི་ཐོབ་ཐང་དེ་ང་ཚོ་གྲྭ་བཙུན་ཚོ་ལ་ཡོད་མ་རེད་དམ། གལ་སྲིད་འོས་བསྡུའི་སྔོན་ཙམ་ནས་དགོས་དབང་གིས་དེ་འདྲ་གསལ་བསྒྲགས་འདྲ་གནང་ཡོད་ན་འགྲིག་མོད། དེ་ནི་གཏན་ནས་བྱས་མ་སོང་ཞུས་ཡིན།

ཁོང་གིས་ད་ཁྱེད་རང་ཕེབས་རོགས་གྱིས། ཁྱེད་རང་གི་ལུས་ལ་གནབ་གཟའ་ག་རེ་མཆོད་འདུག་གམ། ངས་ཐལ་མོ་སྦྱར་ལེ་ཡིན་གསུངས་ནས་ཐལ་མོ་སྦྱར་བྱུང་། གུས་པས་ཁྱེད་ཀྱིས་ང་ལ་ཐལ་མོ་སྦྱར་དགོས་པའི་གནས་སྟངས་ཤིག་མ་རེད། ངས་ཁྱེད་ལ་ཁྲིམས་མཐུན་འོས་བསྡུའི་ཐོབ་ཐང་གནང་རོགས་ཞེས་ཕར་ཐལ་མོ་སྦྱར་ལེ་ཡིན། སྐུ་མཁྱེན་ཞུས་ཡིན་ཏེ། འོན་ཀྱང་ཧང་སངས་བ་ཞིག་ལ། འོས་བསྡུ་ལས་བྱེད་གཞན་པ་འགའ་ཤས་ཀྱང་སླེབས་ནས་གནད་འགག་དང་དཀའ་ངལ་གང་ཡིན་ལ་ཞིབ་འཇུག་གཏན་ནས་མེད་པ། ང་རང་མར་འབུད་རྒྱག་བརྒྱབ་ནས་སྤུད་བྱུང་།

སྤྱིར་བཏང་རྡ་ས་ལ་ད་ལྟའི་དུས་ཚོད་འདིར་ནམ་རྒྱུན་དང་མི་འདྲ་བ་གྲྭ་བཙུན་མང་བའི་དུས་ཚོད་ཅིག་ལ་ཁེལ་ཡོད། གང་ཡིན་ཟེར་ན། ད་ལྟའི་སྐབས་གཙུག་ལག་ཁང་དུ་ཆོ་འཕྲུལ་སྨོན་ལམ་འཚོགས་བཞིན་པའི་སྒང་ཡིན་པ་དང་། དགོན་སྡེ་མང་པོ་ཞིག་ལོ་གཅིག་གི་གུང་སེང་དང་ཁེལ་ཡོད་པ། དེ་བཞིན་༸གོང་ས་མཆོག་གིས་ལོ་གསར་རྒྱབ་ཀྱི་གསུངས་ཆོས་གནང་བའི་དུས་སྐབས་བཅས་ལ་ཁེལ་ཡོད། འོན་ཀྱང་དགོན་པའི་ངོ་སྤྲོད་ལག་ཁྱེར་མེད་ན་འོས་བླུགས་པའི་ཐོབ་ཐང་མི་འདུག

ད་སྐྱོན་མ་སོང་། འོས་བསྡུའི་ལས་བྱེད་པ་སུ་ཞིག་གིས་འོས་བསྡུའི་བཅའ་ཁྲིམས་རིན་པོ་ཆེ་བཀླགས་པའམ། དེ་མིན་གོང་རིམ་གྱི་བཀའ་རྒྱ་གཞན་ཞིག་ཕེབས་པ་ཡིན་ན། གྲྭ་བ་འགའ་སླེབས་ནས་ང་ཚོ་ལ། ད་ང་ཚོ་ལ་འགེངས་ཤོག་སྤྲོད་ཀྱི་འདུག་གསུངས་སོང་། དེ་ནས་ང་ཚོ་ཕྱིར་སོང་བ་ཡིན། འགེངས་ཤོག་གནང་མཁན་གྱི་ལས་བྱེད་དེ་ཚོས་ཀྱང་། ང་ཚོ་ལ་ཕྱོགས་ནས། ད་ངོ་སྤྲོད་ལག་ཁྱེར་མེད་ན་འགྲིག་གི་རེད་ཅེས་གསུངས་སོང་། ཞེས་གསུངས་ནས་འགེངས་ཤོག་རེ་རེ་གནང་བྱུང་།

༼འདིའང་བོད་ཀྱི་ཁྲིམས་དང་སྒྲིག་གཞི། ད་དུང་མི་ཐང་གི་ཐོབ་ཐང་སྲུང་སྐྱོབས་བཅས་ཀྱི་ཆེད་དུ་༢༠༡༡་༣་༢༠། ཉིན་གུང་ཆུ་ཚོད་༢ པའི་ཐོག་རྡ་ས་འོས་བསྡུ་བྱེད་ཀྱིན་པའི་སྐབས་སྤེལ།