ཨ་མདོ་རྔ་པ་ཁུལ་འཛམ་ཐང་རྫོང་ཁོངས་སུ་ངོ་རྒོལ་སྐད་འབོད།

སྐབས་དེར་དམག་མི་དང་ཉེན་རྟོག་མི་སྣ་མང་པོ་སླེབས་ཏེ་ངོ་རྒོལ་སྐད་འབོད་བྱེད་མཁན་ལག་ཏུ་ཐེབས་ཚད་ལ་གཅར་རྡུང་དྲག་པོ་བཏང་ནས་སྐད་འབོད་བྱེད་མཚམས་བཅད་ཅིང་། ཁྲོམ་གཞུང་སོགས་ནས་བོད་མི་བརྒྱད་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པའི་ཁྲོད་ནས་ཤེས་རྟོགས་བྱུང་བ།   ན་མདའ་ཤང་ཐོག་གི་སློབ་གྲྭའི་དགེ་རྒན་རང་ལོ་༤༠ ཅན་དཔལ་ཁོ། རང་ལོ་༣༥ ཅན་རྡོ་རྗེ། རང་ལོ་༣༥ ཅན་ཨ་རྡོར། རང་ལོ་༢༨ ཅན་འོད་གསལ་རྡོ་རྗེ་བཅས་ཡིན་ཞིང་གཞན་རྣམས་ཤེས་རྟོགས་མ་བྱུང་། དེ་རྗེས་ན་མདའ་ཤང་དམག་མིས་དམ་དྲག་ཆེན་པོ་བྱས་ཡོད་པ་མ་ཟད། ཕྱི་ཚེས་༢༨ ཉིན་ད་དུང་ས་གནས་མང་པོ་བཀག་སྡོམ་དང་ངོ་རྒོལ་བྱེད་མཁན་རྣམས་རྩད་གཅོད་བྱེད་མུས་ཡིན་འདུག

རྔ་པ་རྫོང་གཅའ་ཤང་ཕྱུགས་ལས་འགབ་མའི་ཨ་མའི་བློ་བཀྲ་ཚང་གི་རྔ་པ་ཀིརྟིའི་དགོན་གྱི་གྲྭ་བསྟན་འཛིན། རང་ལོ་༢༡ ཡས་མས་ཤིག་ཡིན་ཞིང་། ཕ་མིང་ལ་བསོད་ནམས་དང་མ་མིང་ལ་སྒྲོན་དཀར་ཟེར། ཁོང་ཕྱི་ཚེས་༢༥ ཉིན་གྱི་མཚན་མོའི་དུས་ཚོད་༡༢ ཙམ་ལ་རང་ཤག་ནས་འཇུས་ཡོད་འདུག ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་གསལ་པོ་མི་ཤེས་ཀྱང། ཕྱི་ཚེས་༢༧ ཉིན་གློད་གྲོལ་བྱས་མེད་འདུག མཚན་མོ་རྟག་པར་དྲག་ཆས་སྤྲས་པའི་ཉེན་རྟོག་མི་སྣས་ཁྱི་ཁྲིད་དེ་ཀིརྟི་དགོན་པའི་ནང་ལ་ཉུལ་མ་བྱེད་ཀྱི་ཡོད་འདུག

ཡང་ཕྱི་ཚེས་༢༤ ཉིན་རྔ་པ་རྫོང་མཐའ་བ་གོང་མ་དང་འགབ་མ་གཉིས་ལ་རྒྱ་གཞུང་གིས་ཚོགས་འདུ་བསྡུས་ནས་ཁྱེད་ཅག་མི་མང་གིས་རྔ་པ་ཀིརྟིའི་དགོན་པ་སྲུང་བྱ་བྱེད་དགོས་ཚུལ་དང་གལ་སྲིད་སུ་མ་སོང་ན་ཉིན་རེར་རྒྱ་སྒོར་སུམ་བཅུའི་ཆད་པ་གཅོད་རྒྱུ་ཡིན་ཞེས་མི་མང་ལ་བཙན་བཀའ་བཏང་ཡོད་པ་དང་། མི་མང་ལ་ཁྱེད་ཚོ་གྲྭ་པ་ཚོ་ནང་བཞིན་ངོ་རྒོལ་ལས་འགུལ་དེ་འདྲའི་ནང་ཞུགས་རྒྱུ་མེད་ཚུལ་དང། གྲྭ་པ་དང་མི་མང་གཉིས་རྩ་བ་ནས་མི་གཅིག་ཚུལ། རྒྱལ་ཁབ་ཀྱིས་མི་མང་ལ་རོགས་སྐྱོར་མང་པོ་བྱས་ཡོད་པ་དང་མ་འོངས་པ་ན་ཡང་རོགས་སྐྱོར་མང་པོ་བྱེད་རྒྱུ་ཡིན་ཚུལ། དེང་སྐབས་རང་ལུས་མེར་སྲེག་གཏོང་དགོས་རྒྱུའི་དཀའ་སྡུག་ཅིག་རྩ་བ་ནས་མེད་ཀྱང་གྲྭ་པ་ཚོས་སྐྱིད་མ་ཆོག་པ་ཡིན་ཚུལ། ཀིརྟིའི་དགོན་པའི་ནང་ལ་རང་ལུས་མེར་སྲེག་གཏོང་རྒྱུའི་ཁས་ལེན་དམ་བཅའ་བྱས་ཡོད་པའི་ཚོགས་པ་ཞིག་ཡོད་པ་ད་ཐེངས་རྩ་མེད་བཟོ་དགོས་པས་མི་མང་གིས་རོགས་འདེགས་བྱེད་དགོས་ཚུལ་སོགས་བརྗོད་ཡོད་འདུག གོང་ཞུས་ལྟར་ཕྱི་ཚེས་༢༦  ཉིན་ནས་མི་མང་སྐོར་ཞིག་གིས་རྔ་པ་ཀིརྟིའི་དགོན་པ་སྲུང་བྱ་བྱེད་པའི་མིང་ཐོག་ནས་དགོན་པར་སྔ་ཕྱི་དྲོ་གཉིས་ཀར་སྐོར་བ་བྱས་ཡོད་པ་དང། དགོང་མོ་བོད་མི་དེ་རྣམས་ལ་རྒྱ་སྒོར་སུམ་ཅུ་རེ་སྤྲད་དེ་དཔར་དང་བརྙན་དཔར་བརྒྱབ་ཡོད་འདུག །

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།

{jcomments on}