ཤར་བཞག་བྲ་ལྷ་རྩེ།
རི་རྩེ་རུ་ལོ་རྒྱུན་གངས་ཀྱིས་གཡོགས་ཤིང་དབྱར་དུས་སུ་རྟག་པར་ཆུ་འཛིན་དང་སྨུག་པའི་སྐ་རགས་བཅིངས། ནམ་མཁའ་སྔོ་ཞིང་དྭངས་བའི་དུས་སུ་ཁྲི་གདུགས་ཉི་མའི་འོད་ཟེར་འོག་ཏུ་བཀྲག་ མདངས་སྤྲོ་ཞིང་ལེ་བར་བརྒྱ་ཕྲག་གི་མཚམས་སུ་ཡང་གཟི་བརྗིད་ཀྱི་ཉམ་འགྱུར་འཇལ་ཐུབ། བོད་པ་རྣམས་ཀྱི་སེམས་ཁོངས་སུ་བཞག་བྲ་ལྷ་རྩེ་ནི་བླ་ན་མ་མཆིས་པའི་ཁྲི་ལོར་སོན་པའི་གངས་རིར་བརྩིས་ཏེ་ལྷ་རི་བཞིན་དུ་དད་མཆོད་བྱེད་བཞིན་ཡོད། གངས་རིའི་རི་འདབས་ཀྱི་མཚོ་མོ་ཆུང་ཆུང་གི་འགྲམ་ངོགས་དང་རི་བོའི་ཉག་ག ལུང་པ་སོ་སོའི་ནང་དུ་རྡོ་ཕུང་གི་མཆོད་པ་(རྡེའུ་འབུམ་)མང་པོ་དང་རྣམ་པ་སྣ་ཚོགས་ཀྱི་རླུང་རྟའི་དར་ལྕོག་མང་པོ་གང་སར་བཙུགས་ཡོད། ལོ་རེའི་དཔྱིད་དཔལ་ཏེ་ལུགས་རྙིང་གི་ཟླ་བདུན་པར་ཁམས་པའི་ས་ཁུལ་གྱི་བོད་པ་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་ས་ཐག་རིང་པོ་ནས་བཞག་བྲ་གཡུ་མཚོའི་མཚོ་འགྲམ་དུ་ཡོང་ནས་ལྷ་རིར་བསང་མཆོད་བྱས་ནས་གནས་མཇལ་དང་། རླུང་རྟ་གསོལ་སོགས་བྱེད་པའི་མཛད་སྒོ་འཚོགས་སྲོལ་ཡོད་ཅིང་། དེ་ཡང་ཁོང་ཚོས་རླུང་རྟའི་རྒྱལ་མཚན་སྒྲེང་ཞིང་ཤུག་པའི་དྲི་བསུང་བདུག་ནས་མ་འོངས་པར་ཕྱུགས་ལ་འཕེལ་ཁ་དར་ནས་བདེ་སྐྱིད་ཡོང་བ་དང་། རྒྱལ་ཁམས་བདེ་ཞིང་སྐྱིད་པའི་སྨོན་ ལམ་འདེབས། རི་བོའི་ལྗོངས་སུ་སྔོ་ལྗང་གཡུ་ལོ་མ་རྒད་རང་མདངས་འཛིན་ལ་ཡུལ་ལྗོངས་ལྟ་ན་སྡུག་ཅིང་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པའི་གངས་རི་དང་འཁྱགས་རོམ། ནགས་ཚལ། རྦབ་ཆུ། མཚེའུ་དང་ཆུ་ཚན་སོགས་མཉམ་འདྲེས་གཅིག་གྱུར་གྱི་རང་བྱུང་ཡུལ་ལྗོངས་མིག་གི་དགའ་སྟོན་དུ་ལྷག་ཅིང་གངས་འཁྱགས་ཞུ་བའི་ཆུ་ཕྲན་གཅིག་ཏུ་འདུས་པའི་དཀར་ཁུ་ཆུ་བོ་དེ་རྟ་མཆོག་སྲབ་མེད་གཅིག་དང་མཚུངས་པར་ལང་ལོང་ཆད་མེད་དུ་རྒྱུ་བ་བརྗིད་ཆགས་མཛེས་སྡུག་ཞིག་དང་། ཉེ་འཁོར་དུ་མཚེའུ་ཆེ་ཆུང་མི་འདྲ་བ་བདུན་ཡོད་ལ་འཛེས་སྡུག་ཆེས་ལྡན་ཞིང་སྐད་གྲགས་ཆོད་པ་ནི་བཞག་བྲ་གཡུ་མཚོ་དང་ཡར་རུ་ཨ་མཚོ་ཞེས་པའི་ལྕམ་སྲིང་མཚེའུ་འདི་གཉིས་ཡིན།