དཔར་པ་ཞིག་གི་ཕྱི་ནང་བསྔོག་པ།



རང་གིས་རང་ཉིད་རྐང་སྟེགས་མ་སློང་པར།།

གཞན་གྱི་གཡོ་འགུལ་དཔར་པར་མ་སྐྱེངས་པར།།

ད་དུང་མགོ་འཕང་གཏེགས་པའི་རྐྱེན་སྦྱར་ཏེ།།

ངོ་གདོང་སྤུ་ཡིས་ཁེངས་ནས་བསྐྱོད་བཞིན་འདུག

ལ་དང་ལ་མོ་བརྒལ་ནས་དབོར་པ་ཡི།།

ཆུ་དང་ཟམ་པ་བརྒལ་ནས་འཁུར་པ་ཡི།།

རྔུལ་ཆུས་ཐིགས་པས་དྲུད་པའི་གཡོ་འགུལ་དག།

གང་དྲན་དཔར་སློག་བཏབ་ནས་ཁྲོམ་སར་སྟོབ།།



ཁྲོམ་ ས་ཆེན་པོའི་ འུར་དེ་བདག་པའི་ཕྱིར།།

དཔར་དེ་རྗེན་པར་ཡིན་པའི་ཚུགས་བསྟན་ཀྱང་།།

དཔར་དང་རྗེན་པ་འབྱེད་པའི་ཆེ་ཤེལ་གྱིས།།

ཁྱེད་ཀྱི་ངོ་གདོང་རང་འཇགས་ཁྱེད་ལ་སྤྲོད།།

ངོ་གདོང་དམརཔོ་ཕྱིར་ལོག་བྱས་ན་ཡང་།།

གནས་ལུགས་འབྱེད་བྱེད་མིག་གིས་འཕོངས་པ་ཡི།།

ངོ་ལ་ཚ་སྣང་མེད་པའི་དཔར་པ་ཚོས།།

ད་དུང་གདོང་དེ་རང་གདོང་མིན་རབས་གླེང་།།



གླེང་དང་བཤད་པས་བསྒྱུར་དུ་མི་བཏུབ་པའི།།

ངོ་གདོང་སྐྱ་མོ་ལུས་སྟེང་ལྷག་པ་ན།།

མི་ཚོགས་འཛུམ་མོས་གདོང་དེ་གླེང་པའི་སྐབས།།

སེམས་ནས་རང་ངོ་བཀབ་པའི་ཚུགས་ཀ་འཆར།།

རང་གི་ངོ་གདོང་རང་གིས་དྲུད་ཞོར་དུ།།

ལ་མོ་ཆེན་པོ་རྩ་ནས་ངལ་ན་ཡང་།།

ཇི་མི་སྙམ་པའི་འཛུམ་མདང་མངོན་ལུགས་དེ།།

དཔར་པ་ཐེག་ཟུག་གནས་པའི་གཏན་ཚིགས་རེད།།

ད་ནས་ལ་མོར་བརྒལ་བའི་རེ་བ་མེད།།

ད་ནས་ཐང་ཆེན་གཏུགས་པའི་རྨི་ལམ་མེད།།

དཔར་པས་དཔར་པའི་གདོང་དེ་ཁུར་ལེན་ནས།།

མུ་མཐུད་མཆིང་ཞགས་འོག་ཏུ་ཉལ་རོགས་གྱིས།།

ལན་གཅིག་དཔར་དུ་འདེབས་པ་ཀུན་གྱིས་གཤིས།།

ལན་གཉིས་དཔར་དུ་འདེབས་པ་ཀུན་གྱིས་བཟོད།།

ལན་གསུམ་དཔར་དུ་འདེབས་པ་ཡོད་ཚད་སུན།།

ང་ཡང་སུན་པའི་སྡེར་གཏོགས་མི་ཞིག་ཡིན།།

དེ་ རིང་རླུང་དང་བྱེ་ མའི་མཚམས་གསེབ་ནས།།

དཔར་པར་དཔར་པའི་གདོིང་པ་འགྲེལ་ཡོད་པས།།

ད་ནས་དཔར་པའི་རང་མཚང་ཤེས་བྱས་ནས།།

ལམ་ཁ་གཞན་ཞིག་མྱུར་དུ་འདེམས་རོགས་གྱིས།།



དཔར་ལས་དེ་ནི་རང་གི་བཀག་རྡོ་རེད།།

དཔར་ ལས་དེ་ཡིས་ ཟས་སུ་སྐྱུག་པ་སྤྲས།།

དཔར་ལས་དེ་ཡིས་རང་ཉིད་ཁྱི་རྔར་བཟོས།།

དཔར་ལས་དེ་ཡིས་རང་ཉིད་སྐྱུག་པ་བཟོས།།



དེའི་ཕྱིར་དཔར་ལ་ངེས་འབྱུང་སེམས་བསྐྱེད་ནས།།

ནམ་ཡང་མི་ལྡོག་གསར་བཏོད་ཞིང་ས་ལ།།

སླེབས་པའི་ངེས་སེམས་རྙེད་པའི་ལམ་བུ་ནས།།

མིག་ཟུང་བསྲིངས་པའི་སྨོན་ལམ་ཁྱེད་ལ་སྤྲད།།

ད་བར་ང་ཡི་གཡོ་འགུལ་དཔར་འདེབས་ནས།།

རྒྱུས་མེད་མེད་སྤྱན་སྔར་རྗེན་པ་འཆར་བ་ཡི།།

ཁེ་དང་རྒྱལ་ཁའི་ཇི་རྙེད་རག་པའི་མཐུས།།

ཁྱེད་ཀྱང་རྗེན་པ་ཉིད་དུ་འགྱར་བ་ཤོག།