ཀིརྟི་རིན་པོ་ཆེས་འཛམ་གླིང་གི་ནང་པ་ཡོངས་ལ་འབོད་སྐུལ།

གསུང་འཕྲིན་དེའི་ནང་འཁོད་དོན། སྟོན་པ་དང་བསྟན་པ་གཅིག་ཏུ་གྱུར་པའི་འཛམ་གླིང་ཤར་ནུབ་ཀྱི་དགོན་སྡེ་གྲྭ་ཚང་དང། ཆོས་ཚོགས། ཆོས་ཀྱི་གྲོགས་པོ་རྣམ་པ་ལྷན་རྒྱས་ཀྱི་༧སྙན་ལམ་དུ་ཆེས་ཛ་དྲག་གིས་༧སྙན་གསེང་ཞུ་རྒྱུར། རྒྱ་གཞུང་གིས་རྔ་པ་ཀིརྟིའི་དགོན་གྲོང་སྤྱི་དང་ལྷག་པར་རྔ་པ་ཀིརྟིའི་དགོན་ཆེན་འདི་ཉིད་བཙོན་ཁང་ལྟ་བུའི་ངོ་བོར་བསྒྱུར་ནས། གྲྭ་པ་ཉིས་སྟོང་ལྔ་བརྒྱ་ལྷག་གིས་སྡུག་སྦྱོང་མནར་གཅོད་ཉིན་མཚན་མི་འཁྱོལ་བའི་དཀའ་བ་མྱངས་དང་མྱོང་བཞིན་པ་མཁྱེན་གསལ་ལྟར།

དོ་དམ་འོག་ཟླ་གཅིག་དང་ཞག་དྲུག་སོང་མཚམས་ཕྱི་ཟླ་༤ པའི་ཚེས་༢༢ ཐོ་རངས་གྲྭ་པ་སུམ་བརྒྱ་དུས་གཅིག་ཏུ་ཕྱི་ལ་བཙན་ཁྲིད་ཟིན་པ་དང། ད་དུང་ཡང་ཁྲིད་དང་འཁྲིད་བཞིན་པའི་གནས་ཚུལ་གོ་བཞིན་འདུག་ན། གྲྭ་པ་རྣམས་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཆེ་ཞིང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པ་མ་ཟད། ཆོས་ཀྱི་སྡེ་ཆེན་པོ་འདི་ཉིད་རྨེག་མེད་དུ་འཇོམས་པའི་སྲིད་ཇུས་ངན་པ་ལག་ལེན་དུ་བསྟར་མུས་ལ་བརྟེན། ད་ལམ་སྙན་གསེང་མི་ཞུ་ཐུ་མེད་ལ་དགོན་སྡེ་དང། གྲྭ་ཚང། ཆོས་ཚོགས། ཆོས་ཀྱི་གྲོགས་པོ་རྣམས་ནས་རྔ་པ་ཀིརྟིའི་དགོན་ཆེན་འདི་ཉིད་ཛ་དྲག་གི་གནས་སྟངས་ཡ་ང་བ་ལས་མྱུར་དུ་སྐྱོབ་པའི་སྐྱབས་འཇུག་དང་འབྲེལ། རྒྱབ་སྐྱོར་ངོ་བོ་མཚོན་པའི་ལས་འགུལ་གཞི་རྒྱ་ཆེ་ཙམ་ཞིག་སྤེལ་གནང་ཡོད་པ་ཞེས་གཞིས་བྱེས་གཉིས་ཀྱི་ཀིརྟིའི་དགོན་མ་ལག་ཐམས་ཅད་ཀྱི་ངོ་ཚབ་ཞུས་ཏེ། ཀིརྟི་སྤྲུལ་མིང་པས། ཕྱི་ལོ་༢༠༡༡ ཟླ་༤ ཚེས་༢༢ ལ་ཞེས་འཁོད་ཡོད་པ་རེད།།

{jcomments on}