༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་གསལ་བརྗོད་དགོས།
ཟླ་འདིའི་ཚེས་༢༥ ཉིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དྷ་ས་ས་གནས་གཞོན་ནུ་ཚོགས་པ། དྷ་ས་ས་གནས་བུད་མེད་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགུང་ལོ་༢༢ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་པཎ་ཆེན་མཆོག་སྤྲུལ་གང་དུ་ཡོད་དམ་ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
མཛད་སྒོའི་ཐོག་༧རྒྱལ་བ་ཀརྨ་པ་མཆོག་གིས་ཆེད་དུ་གསུང་འཕྲིན་ཞིག་བསྩལ་ཡོད་པ་དེ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོས་སྒྲོག་སྦྱངས་བྱས་དོན། མགོ་ནག་བོད་མིའི་སྐྱབས་མགོན། སྒང་པ་བོད་ཀྱི་དཔའ་བོ། གངས་ཅན་པའི་མུན་ནག་གི་ལོ་རྒྱུས་ཁྲོད་དུ་འོད་སྣང་འཚེར་བའི་ཟླ་བ། ཀུན་གཟིགས་༧པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་རིན་པོ་ཆེ་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་འདིར། གུས་པ་ངོ་བཅར་ཞུ་མ་ཐུབ་མོད། དད་གུས་མཚོན་པའི་ཡི་གེ་འབུལ་བ་ཡིན། དགའ་སྐྱོ་ཟུང་འབྲེལ་གྱི་ཉིན་མོ་འདིར་ གུས་པས་ཆུང་སྲིད་རིན་པོ་ཆེ་མཆོག་ལ་དྭངས་གཙང་གི་ལྷ་དར་བཏེགས་ཏེ་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག སྐྱོ་གདུང་གི་མགོ་བོ་སྨད་དེ་ཁྱེད་ལ་འཕྲད་པའི་དྲང་བདེན་མིན་པའི་སྐུ་ངལ་ཡོད་ཚད་ལ་བཟོད་གསོལ་ཞུ་རྒྱུ་ཡིན། རི་བོ་ཧི་མ་ལ་ཡའི་མདུན་རྒྱབ་ཏུ་ཡོད་པའི་བོད་མི་ཡོངས་ཀྱིས་ད་དུང་ཁྱེད་སྐུ་ཁམས་གསལ་ཐང་ཡིན་པའི་རེ་བ་བྱེད་བཞིན་ཡོད་ལ། མགྱོགས་མྱུར་འཛམ་གླིང་གི་གཞོན་ནུ་གཞན་དང་འདྲ་བའི་རང་དབང་ཐོབ་སྟེ་བསྟན་འགྲོའི་མཛད་འཕྲིན་སྐྱོང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། ད་སྐབས་༧པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་དང། གནས་སྟངས་ག་འདྲ་ཡིན་མིན་མི་ཤེས་པའི་ཐབས་སྐྱོ་པོ་ཆགས་བསྡད་ཡོད་པ་རེད། དེ་སྔོན་གསར་འགྱུར་བརྒྱུད་ལམ་ཐོག་ནས་༧པཎ་ཆེན་རིན་པོ་ཆེ་སྐུ་བཞུགས་མེད་པའི་སྐོར་ཐོན་པ་རེད། འོན་ཀྱང་༢༠༡༠ ལོའི་ཟླ་༣ པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པདྨ་འཕྲིན་ལས་ཀྱིས་༧པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་ཚུལ་བརྗོད་པ་རེད། དེ་ལ་ཡིད་ཆེས་དཀའ་ཡང་རེ་བ་བྱེད་རྒྱུ་རེད་འདུག དེ་རིང་འདི་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག གྲོས་ཚོགས་ཁག་ཡོངས་རྫོགས་ལ་བྱེས་ལ་ཡོད་པའི་གདན་ས་བཀྲ་ཤིས་ལྷུན་པོས་འབོད་སྐུལ་དོན་ཚན་བཞི་ཡོད་པ་ཞིག་བཏོན་འདུག དོན་ཚན་དང་པོ། ༧པཎ་ཆེན་རིན་པོ་ཆེ་བཞུགས་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་པོ་ཞིག་དགོས་ཀྱི་ཡོད། གཉིས་པ། རང་དབང་ཅན་གྱི་སྡེ་ཚན་ཞིག་གིས་༧པཎ་ཆེན་རིན་པོ་ཆེ་མཇལ་འཕྲད་བྱེད་དགོས་ཡོད། གསུམ་པ། བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས། བཞི་པ། གཞི་རྩ་མེད་པར་༧སྐྱབས་མགོན་རིན་པོ་ཆེར་མཚན་སྨད་བྱེད་རྒྱུ་མཚམས་འཇོག་དགོས་ཞེེས་པ་དེ་རེད། དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་གཙང་མ་བྱེད་རྒྱུ་དང་སྦྲགས། ང་ཚོས་འབོད་སྐུལ་དེ་རང་བྱེད་རྒྱུ་ཡིན་ཞེས་སོགས་གསུངས་སོང།
ཚོགས་པ་ལྔའི་གསར་འགོད་གསལ་བསྒྲགས་ནང་འཁོད་དོན། ༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་གྱི་ཉིན་འདིར་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་༧པཎ་ཆེན་མཆོག་སྤྲུལ་སྐུ་འཚོ་བཞུགས་ཡོད་མེད་ཀྱིི་དཔང་རྟགས་གསལ་པོ་སྟོན་དགོས་པའི་ནན་བརྗོད་ཤུགས་དྲག་བྱེད་ཀྱི་ཡོད། ཕྱི་ལོ་༢༠༡༡ ཟླ་༤ པའི་ཚེས་༢༥ ཉིན་ནི་༧པཎ་ཆེན་མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་གྲངས་༢༢ ལ་སོན་པའི་སྐུའི་འཁྲུངས་སྐར་ཉིན་མོ་རེད་ལ། འཛམ་གླིང་གང་སར་གནས་པའི་ནང་པའི་དད་ལྡན་པ་ཚོས་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་བྱེད་བཞིན་པའི་ཉིན་མོ་ཞིག་ཀྱང་ཡིན། འོན་ཀྱང་མི་རྣམས་ཀྱིས་དེ་བས་སེམས་འཚབ་ཆེ་བ་དེ་ནི་མཆོག་སྤྲུལ་རིན་པོ་ཆེ་ད་ལྟའི་གནས་སྟངས་དངོས་ག་འདྲ་ཡིན་མིན་སྐོར་རེད། རྒྱ་ནག་དམར་པོའི་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་ལ་རྡོག་རོལ་བཏང་ནས། མཆོག་སྤྲུལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་དྲུག་སྐབས་བཙན་འཁྲིད་བྱས་ནས་ད་བར། བོད་གངས་ཅན་པ་གཙོས་འཛམ་གླིང་མི་མང་རྣམས་ཀྱིས་ཀྱང་ཆུང་སྲིད་རིན་པོ་ཆེ་འཚོལ་བཞིན་ཡོད་པ་དང། དུས་འདིར་ང་ཚོས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ནན་ཏན་གྱིས་དྲི་བ་ཞིག་འདོན་གྱི་ཡིན། དེ་ནི་༧པཎ་ཆེན་མཆོག་སྤྲུལ་གང་དུ་ཡོད་ཅེས་པ་དེ་ཡིན། ད་དུང་རྒྱ་ནག་སྲིད་དབང་སྒེར་སྤྱོད་པའི་འཐབ་ཕྱོགས་གཅིག་གྱུར་ཟེར་བའི་འགོ་གཙོ་ཀྲུའུ་ཝེ་ཆུན་ལ་འབོད་སྐུལ་བྱེད་རྒྱུ་ནི། ཁྱོད་ཚོས་ངེས་པར་དུ་འཛམ་གླིང་མི་མང་ཡོངས་ལ་ད་ལྟའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་དངོས་ཡོད་ཀྱི་གནས་སྟངས་གསལ་བརྗོད་བྱེད་དགོས་ཞེས་སོགས་འཁོད་ཡོད་པ་རེད།
དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་༧པཎ་ཆེན་རིན་པོ་ཆེའི་ཆེད་དུ་མཚན་རྟགས་བསྡུ་རུབ་དང། ཤོག་བྱང་ཐོག་མིང་རྟགས་བཀོད་ནས་འབྲེལ་ཡོད་རྒྱ་མིའི་དཔོན་རིགས་ལ་སྤྲོད་རྒྱུའི་ལས་འགུལ་ཞིག་ཀྱང་སྤེལ་སོང།།
{jcomments on}