བོད་པའི་ལས་འགུལ་འགྲོ་བ་མིའི་ཐོབ་ཐང་དང་མཐུན་པ་ཞིག་རེད།

བལ་ཡུལ་དུ་སེར་སྐྱ་བོད་མི་བརྒྱ་ལ་ཉེ་བ་ཞིག་གིས་མཉམ་དུ་བོད་ཨ་མདོ་རྔ་པ་ཀིརྟི་ཕྱོགས་ཀྱི་ཛ་དྲག་གནས་སྟངས་ལས་སྐྱོབ་དགོས་པ་དང་། རྒྱ་ནག་གཞུང་གིས་དྲག་གནོན་ལ་ངོ་རྒོལ་མཚོན་བྱེད་དུ་ཆུ་ཚོད་ཉེར་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

tyc twa2ཟླ་འདིའི་ཚེས་ ༥ ཉིན་བལ་ཡུལ་དུ་ཀ་ཐཱ་མན་གྲུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་གོ་སྒྲིག་སྣེ་ཁྲིད་བྱས་ཏེ། དྭངས་བླངས་པ་སོགས་བོད་མི་རྒན་གཞོན་བརྒྱ་ལ་ཉེ་བས་མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཚོགས་ཁང་དུ་༧གོང་ས་མཆོག་དང་དགེ་འདུན་པ་ཕུན་ཚོགས་ཀྱི་སྐུ་པར་མདུན་མཆོད་མེ་སྟོང་མཆོད་ཕུལ་བ་དང་། ལས་འགུལ་དབུ་འཛུགས་སྐབས་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་དྷིབ་པ་ཊག་གིས་རྒྱབ་སྐྱོར་ཡོད་སྐོར་འགྲེལ་བརྗོད་གནང་དོན། བོད་མི་ཚོའི་ཞི་བའི་ལས་འགུལ་རིགས་ནི་ནམ་ཡང་མང་གཙོའི་ལམ་སྲོལ་དང་འགྲོ་བ་མིའི་ཐོབ་ཐང་སོགས་དང་མཐུན་པས། ཁོང་ཚོའི་ངོས་ནས་དུས་རྒྱུན་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད། འོན་ཀྱང་བལ་ཡུལ་གྱི་རྒྱལ་སྲིད་བརྟན་ལྷིང་མེད་ཐོག་ཕྱིའི་གནོན་ཤུགས་ཀྱི་རྐྱེན་གྱིས་བོད་མི་ཚོའི་ལས་འགུལ་ཁག་ལ་ཚོད་འཛིན་ནན་མོ་བྱེད་བཞིན་པས། ད་དུང་ནང་སྲིད་བློན་ཆེན་ཁག་ཡང་གསར་དུ་བསྐོ་བཞག་བྱས་ཡོད་དུས། གནས་སྐབས་བོད་མི་ལས་འགུལ་བ་ཚོ་ཡོད་ཚད་ཞི་འཇམ་ཐོག་གནས་པ་དང་། རྒྱལ་དར་དང་འཕྲེད་དར་སོགས་མང་པོ་མ་བསྒྲེངས་ན་ཡག་པོ་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

ད་དུང་ལས་འགུལ་གོ་སྒྲིག་སྣེ་ཁྲིད་པ་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་དབང་ལགས་དང་། ས་གནས་བུད་མེད་ཚོགས་གཙོ་མཚོ་མོ་གཉིས་ལ་གསར་འགོད་པའི་བཅར་འདྲིའི་སྐབས། ཁོང་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ནས་མཉམ་འབྲེལ་ཐོག་སྤེལ་བའི་ལས་འགུལ་གཙོ་བོ། ཉེ་བའི་ཆར་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ནས་བོད་སྤྱི་པའི་ཆེད་རང་ལུས་མེ་ལ་བསྒྲོན་ནས་ཚེ་སྲོག་ཕུལ་བ་དང་།  ད་དུང་དེང་སང་མུ་མཐུད་རྒྱ་ནག་ཉེན་རྟོག་པ་དང་དྲག་པོའི་དམག་དཔུང་གིས་ཀིརྟི་དགོན་པ་གཙོས་རྔ་པ་ས་གནས་དེ་ཡོངས་སུ་བསྐོར་ནས་ད་ལྟ་བཙོན་ཁང་ལྟ་བུར་གནས་ཡོད་པའི་ཛ་དྲག་གནས་སྟངས་ཁག་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་མང་ཚོས་ཤེས་རྟོགས་སླད་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཆེད་ཡིན་པ་སོགས་འགྲེལ་བརྗོད་བྱས་སོང།

འདི་ནི་བལ་ཡུལ་བོད་མི་ཚོས་ཨ་མདོ་རྔ་པ་ཕྱོགས་ཀྱི་ཛ་དྲག་གནས་སྟངས་ཆེད་ཟས་བཅད་ལས་འགུལ་སྤེལ་ཐེངས་གཉིས་པ་དེ་ཡིན་པ་དང་། སྐབས་དེར་གོ་སྒྲིག་ཚོགས་པས་ཟས་བཅད་ལས་འགུལ་བ་ཚོར་བོད་སྐྱོབ་ཟེར་བ་སོགས་ཀྱི་འབོད་ཚིགས་འདྲ་མིན་བྲིས་པའི་གྱོན་ཆས་ནག་པོ་དང་། འཕྲེད་དར་སོགས་མི་ཉུང་བ་བཟོས་ཡོད་པ་དང་། བལ་ཡུལ་ཉེན་རྟོག་པས་དེ་དག་བེད་སྤྱོད་གཏོང་རྒྱུར་བཀག་བསྡོམས་བྱས་ནས་ལས་འགུལ་མཇུག་མ་བསྒྲིལ་བར་དུ་སྐོར་སྲུང་བྱས་ཡོད་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}