གཞུང་མེད་པའི་ཚོར་བ་ནམ་ཡང་མ་བྱུང།

སྤྱིར་ང་རང་ལ་མཚོན་ན་བོད་རང་དབང་གཙང་མ་གཞུང་ཞེས་རྣ་བས་ཐོས་པ་ཙམ་ལས་དེའི་འོག་བསྡད་ཅིང་བྲོ་བ་ཉམས་མྱོང་མཁན་ཞིག་མིན་ནའང།  ང་རང་བོད་མི་རིགས་ཀྱི་ལོ་རྒྱུས་ལྡན་པའི་བོད་ཀྱི་རང་དབང་གཙང་མའི་གཞུང་ལ་དགའ་ཡང་དགའ་ལ་ཞེན་པ་ཡང་དེ་བས་ཆེས།   འོན་ཀྱང་། ལོ་རྒྱུས་ཀྱིས་འཕོས་འགྱུར་ལ་བརྟེན་ནས་བོད་རང་དབང་གཙང་མའི་གཞུང་བཙན་བྱོལ་དུ་གྱར་དགོས་བྱུང་བ་བཞིན་རང་ཉིད་ཀྱང་བཙན་བྱོལ་དུ་ཡོང་དགོས་བྱུང་།  ཡིན་ནའང་གནས་ལུགས་ཇི་ལྟར་ཡིན་མིན་མི་ཤེས་ཀྱང་བཙན་བྱོལ་བོད་གཞུང་ཞེས་ཐ་སྙད་འདི་ཡོད་པ་ཙམ་གྱིས་བཙན་བྱོལ་བོད་གཞུང་གི་འོག་མི་ལོ་བཅུ་དགུ་ཙམ་བསྡད་པའི་རིང་ལ་གཞུང་མེད་པའི་ཚོར་བ་སླེབས་མ་མྱོང་ལ།  གཞུང་མེད་པའི་སྤོབས་པ་ཡང་ཞུམ་མ་མྱོང་།  རང་བཙན་དང་ས་ཆ་ཡོད་མེད་ཇི་ལྟར་ཡང་གཞུང་ཞིག་ཡོད་སྙམ་པའི་ཚོར་བ་དང་སྤོབས་རང་ཆས་སུ་ཡོད།   འོན་ཀྱང་དེ་རིང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས།  ༼བཙན་བྱོལ་བོད་གཞུང་༽ཞེས་པ་དེ  ༼བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཞུང་༽ཞེས་འཆར་ཟིན་བཏབ་པ་མཇལ་མ་ཉིད།  ད་གཟོད་རང་ཉིད་གང་ལྟར་བཤད་ཀྱང་འཛམ་བུ་གླིང་འདིའི་ཐོག་ཏུ་རྒྱལ་ཁབ་དང་གཞུང་མེད་པའི་ཁོངས་མེད་ལུང་མེད་ཀྱི་མི་གཅིག་ཏུ་འགྱུར་ངེས་འདུག་སྙམ་བཞིན་རང་བློ་རང་གིས་སྣོན་མ་ཐུབ་པའི་ཚོར་བ་ཞིག་གིས་དེད་དེ་དྲ་ཐོག་ཏུ་བསམ་ཚུལ་འདི་འཆད་དུ་འོང་བ་ཡིན།།